༢༠༡༧ ཟླ་ ༧ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་ཐུགས་ཕམ་བྱུང་སྐོར་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་མཆོག་ཡུན་རིང་བཙོན་འཇུག་ཉེས་ཆད་ཕོག་བཞིན་པའི་མུར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་ངོས་རང་ཧ་ཅང་བློ་ཕམ་བྱུང་། དམ་པ་ཁོང་གི་སྐུ་ཟླ་ལྕམ་ལིའུ་ཞི་ཡ་ Liu Xia མཆོག་གིས་གཙོས་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་སེམས་གསོ་དང་སྦྲགས་སྨོན་ལམ་ཞུ་རྒྱུ་ཡིན།
དམ་པ་ཁོང་ད་ཆ་ང་ཚོའི་ཁྲོད་སྐུ་འཚོ་བཞུགས་མེད་ཀྱང་རྒྱ་ནག་ནང་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཆེད་དམ་པ་ཁོང་གིས་ཡུན་རིང་ནས་འབད་བརྩོན་གནང་ཡོད་སྟབས། ང་ཚོས་དམིགས་ཡུལ་དེ་དག་བསྒྲུབ་རྒྱུར་འབད་བརྩོན་བྱ་རྒྱུ་ནི་དམ་པ་ཁོང་ལ་གུས་འདུད་ཞུ་རྒྱུའི་མཚོན་རྟགས་ཡག་ཤོས་ཤིག་ཆགས་ཐུབ།
དམ་པ་ཁོང་གིས་རང་དབང་གི་དོན་དུ་འབད་བརྩོན་ལྷོད་མེད་གནང་བ་དེར་མི་རིང་བར་འབྲས་བུ་བཟང་པོ་ཞིག་སྨིན་རྒྱུར་ངོས་ཀྱི་ཡིད་ཆེས་བྱེད་བཞིན་ཡོད། ཅེས་འཁོད།
གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།