༢༠༡༧ ཟླ་ ༧ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་རྒྱལ་ས་སླེ་རུ་རྟེན་གཞི་བྱས་པའི་ཇོ་ཁང་གི་རྟེན་གཙོ་སོགས་ནང་གནས་གཟིགས་མཛད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་ཞི་བའི་ཚལ་ཕོ་བྲང་ནས་སླེའི་ཁྲོམ་དབུས་སུ་ཆིབས་སྒྱུར་བསྐྱང་སྐབས་ལ་དྭགས་ས་གནས་ཡུལ་མི་དང་བོད་རིགས། སློབ་ཕྲུག་སོགས་ཕེབས་ལམ་དུ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་མཇལ་ཞུ་དང་སྦྲགས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
སྨོན་ལམ་གསུང་འདོན་རྣམས་ཡོངས་སུ་ལེགས་གྲུབ་རྗེས་༸གོང་ས་མཆོག་ནས་ཡུལ་མི་རྣམས་ལ་བཀའ་སློབ་སྩལ་དོན། འདི་གར་འཛུགས་སྐྲུན་ཡར་རྒྱས་ལ་མཚོན་ན་ལོ་ནས་ལོར་ཡར་རྒྱས་འགྲོ་བཞིན་ཡོད། ཚོང་ཁང་དང་སློབ་གྲྭ་ཇེ་མང་དུ་འགྲོ་བཞིན་ཡོད། ལ་དྭགས་ལ་ཡར་རྒྱས་འགྲོ་བཞིན་ཡོད། ནུབ་ཕྱོགས་དང་ཨ་རིའི་ནང་ཕྱི་དངོས་པོ་འཛུགས་སྐྲུན་ཇི་ཙམ་ཕྱིན་པ་དེ་ཚོད་ཀྱིས་ནང་གི་བསམ་བློའི་ནང་ཞེ་སྡང་ཕྲག་དོག་དང་། འགྲན་སེམས་སོགས་ལ་བརྟེན་བསམ་བློའི་ཞེ་ཕུགས་དེར་མ་སྐྱིད་པ་དེ་འདྲ་ཡོང་བཞིན་ཡོད། འཛམ་གླིང་ནང་གི་ཆོས་ལུགས་གྲགས་ཆེ་བ་ཚང་མས་ང་ཚོར་བྱམས་བརྩེ་དང་བཟོད་སྲན། ཆོག་ཤེས་དགོས་པ་སོགས་བསླབ་བྱ་དེ་དག་གཅིག་མཚུངས་སུ་སྐྱོན་བཞིན་ཡོད། ནང་ཆོས་དེ་ཡང་མདོར་བསྡུ་ན། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གསུངས། ནང་ཆོས་དེ་ཆོས་ལུགས་གཞན་དང་མི་འདྲ་བ་དེ་གཙོ་བོ་ལྟ་གྲུབ་ཐོག་ནས་ཡོང་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།