༢༠༡༧ ཟླ་ ༧ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཉེ་ལམ་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo མཆོག་མཆིན་པའི་སྐྲན་ནད་ཚབས་ཆེ་ཕོག་རྐྱེན་རྒྱ་ནག་གཞུང་གི་བཙོན་ཁང་ནས་གློད་བཀྲོལ་བཏང་རྗེས་ད་ལྟ་སྨན་བཅོས་གནང་མུས་ཡིན།
དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ཁོང་གི་སྙུན་གཞི་དང་སྐུ་གཟུགས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་ཧ་ཅང་ཡོད་སྐོར་གསུང་དོན། རྒྱ་རིགས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo མཆོག་མཆིན་པའི་སྐྲན་ནད་ཚབས་ཆེ་ཕོག་པ་ཤེས་རྟོགས་བྱུང་སྐབས་ང་རང་བློ་ཕམ་ཧ་ཅང་བྱུང་། འོན་ཀྱང་ད་ཆ་ཁོང་ལ་སྨན་བཅོས་ཆེད་བཙོན་གྲོལ་ཐོབ་པ་ཤེས་སྐབས་སེམས་ཏོག་ཙམ་ལྷོད་ལྷོད་ཆགས་སོང་། རྒྱ་ནག་གཞུང་གིས་ཁོང་དང་ནང་མི་བཅས་བཟང་སྤྱོད་འོག་ནས་ཕྱི་རྒྱལ་དུ་འཕྲལ་མར་སྨན་བཅོས་ཆེད་འགྲོ་རུ་འཇུག་རོགས། ཞེས་ངས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུ་དང་སྦྲགས། རྒྱལ་སྤྱིའི་ཁྱོན་དུ་ཁོང་མགྱོགས་མྱུར་དྲག་སྐྱེད་ཆེད་སྨོན་ལམ་གསུང་བཞིན་པ་དེར་ངས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། ཁོང་ནས་རང་གི་ནང་མི་རྣམས་དང་ལྷན་དུས་ཚོད་བཟང་པོ་ཞིག་བསྐྱལ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད།
བཟང་ཕྱོགས་ནས་བརྗོད་ན་དེང་སྐབས་ཁོང་ལྟ་བུ་རྒྱ་ནག་ནང་དོན་དམ་གྱི་མང་གཙོ་དོན་གཉེར་བ་ཇེ་མང་དུ་འགྲོ་བཞིན་པ་མཐོང་སྐབས་ངར་སྙིང་སྟོབས་སྐྱེ་བཞིན་འདུག རྒྱ་ནག་གི་མཚོ་ངོགས་སུ་རིམ་བཞིན་མང་གཙོའི་ཡོ་ལང་ཆེན་མོ་འཕྱུར་ནས་ཁོང་གི་འཆར་སྣང་ལྟར་རིང་མིན་རྒྱ་ནག་ནང་དུ་ཡང་དག་པའི་མང་གཙོའི་ལམ་ལུགས་དར་ཁྱབ་ཡོང་ཐུབ་རྒྱུ་ཡིན་པ་ངས་རེ་བ་ཆེན་པོ་རྒྱག་བཞིན་ཡོད། ཅེས་སོགས་འཁོད་འདུག