༢༠༡༧ ཟླ་ ༧ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡ ཉིན་བོད་ཁང་གི་གོ་སྒྲིག་འོག་ཀོ་རི་ཡའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག སྐབས་དེར་ཡུལ་དེའི་ནང་པའི་དགོན་པ་གྲགས་ཆེ་བ་ལྔའི་མཁན་པོ་ ༤༠ དང་། ཤྲི་ལངྐ་ Sri Lanka དང་ལའོ་སིའི་ Laos སྐུ་ཚབ། དེ་བཞིན་བོད་མི་དགེ་འདུན་པ་ ༡༥ བཅས་དང་། གཞན་ཡང་ཆེད་དུ་མགྲོན་འབོད་ཞུས་པའི་སྐུ་མགྲོན་མི་གྲངས་ ༥༥༠ ཙམ་བཅས་ཚང་འཛོམས་ཐོག་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་སྦྲགས་མཇལ་ཁ་ཞུས། བཞུགས་ཁྲིའི་སྟེང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དེ་ཀོ་རི་ཡའི་ནང་གི་སྒྱུ་རྩལ་བ་ཞིག་གིས་བྲིས་པ་ཡིན་འདུག
ཐོག་མར་ཀོ་རི་ཡའི་སྐད་ནང་སྨོན་ལམ་གསུང་འདོན་གནང་བ་དང་སྦྲགས་མཎྜེལ་རྟེན་གསུམ་འདེགས་འབུལ་ཞུས། སྐབས་དེར་བོད་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་འདྲ་མིན་ནང་ཁུལ་འཆམ་མཐུན་གོང་སྤེལ་གཏོང་གནང་མཛད་བཞིན་པ། དེ་བཞིན་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་བའི་བོད་མིའི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བཅས་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་ངོ་སྤྲོད་གནང་།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་། བཀའ་ཟུར་བསྟན་པ་ཚེ་རིང་མཆོག་བཅས་ཕེབས་པ་མ་ཟད། བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་གསོ་སྤྲོད་དགོས་པ་ཧ་ཅང་གལ་ཆེར་ངོས་འཛིན་བྱེད་བཞིན་པའི་ཐོག་ཁོང་ནས་དེའི་ཐོག་ད་བར་བོད་ཕྲུག་ཁྱིམ་སྡེ་ཙམ་མ་ཟད། བཙན་བྱོལ་བོད་མིའི་སློབ་གྲྭ་གཞན་ཁག་ཏུའང་བོད་ཕྲུག་ཚོའི་ཤེས་ཡོན་ཆ་ཚང་བ་ཞིག་ཡོང་སླད་འབད་བརྩོན་ཇི་འདྲ་གནང་མིན་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་ཡང་དག་པའི་མང་གཙོའི་ལམ་བཟང་ཐོག་ཤར་བསྐྱོད་བྱེད་བཞིན་པའི་སྒྲིག་འཛུགས་སྲ་བརྟན་ཞིག་ཡིན་སྐོར་སོགས་གསུངས།
དེ་བཞིན་ཀོ་རི་ཡའི་ནང་པའི་བརྙན་འཕྲིན་བརྒྱུད་ལམ་ཚན་པའི་འགན་འཛིན་མཆོག་གིས་གསུང་བཤད་གནང་འདུག ཕྱོགས་མཚུངས་སྐབས་དེར་༸གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་པར་རིས་འགྲེམས་སྟོན་གནང་བ་དང་། པར་རིས་ཁག་ ༣༢ ཡོད་འདུག སྤྱིར་འགྲེམས་སྟོན་གྱི་སྐུ་པར་དེ་དག་བོད་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱིས་སྤེལ་བའི་༸གོང་ས་མཆོག་གི་མཛད་རྣམ་ནས་མཁོ་སྒྲུབ་ཞུས་པ་ཞིག་ཡིན་འདུག
གཞན་ཡང་མཛད་སྒོའི་སྐབས་ཀོ་རི་ཡ་རྒྱང་བསྲིང་ལས་ཁུངས་ Korean Broadcasting System ནས་ཕྱོགས་སྒྲིག་གནང་བའི་བརྙན་འཕྲིན་ཁག་གཅིག་འགྲེམས་སྟོན་གནང་བ་དང་། བརྙན་འཕྲིན་དེ་ནི་དེ་སྔ་བརྙན་འཕྲིན་ཚན་པའི་ལས་བྱེད་ཁག་གཅིག་བཞུགས་སྒར་དུ་ཆེད་བཅར་ཞུས་ནས་བོད་མི་བཙན་བྱོལ་བ་རྣམས་ཀྱི་མི་ཚེའི་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་སྐོར་གྱི་བརྙན་འཕྲིན་ཁག་ཡིན་འདུག ཕྱོགས་མཚུངས་དགའ་སྟོན་གྱི་མཛད་སྒོ་དེའི་ཐོག་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ཞུས་འདུག་པ་བཅས།།