༢༠༡༧ ཟླ་ ༧ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་ཞི་བ་ཚལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་དུས་ཆེན་ལ་དྭགས་ལྷོ་བྱང་བོད་མི་ཡོངས་ནས་སྲུང་བརྩི་ཟབ་རྒྱས་ཞུ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།
གོང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་ནང་བཀོད་པ་ལྟར། ང་ཚོ་བོད་མི་སྤྱི་ཡོངས་དང་། དེ་བཞིན་འཛམ་གླིང་འདིའི་སྟེང་ད་ལྟའི་དུས་སུ་༸གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་མེད། རྩ་བའི་ལོ་རྒྱུས་ཐོག་གཟིགས་པ་ཡིན་ན། བོད་མདོ་སྨད་སྟག་མཚེར་གྲོང་གསེབ་ཆུང་ངུའི་ཞིང་པ་ཞིག་གི་ནང་དུ་སྐུ་འཁྲུངས་ཏེ་དགུང་ལོ་ལྔར་ཕེབས་པའི་སྐབས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་། དགུང་གྲངས་བཅུ་དྲུག་ཕེབས་སྐབས་རྒྱ་ནག་དམར་པོའི་གཞུང་གིས་བོད་བཙན་བཟུང་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་བཞིན་པའི་སྐབས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཞེས་རོགས་ཞེས་བོད་ཆོལ་ཁ་གསུམ་ཡོངས་ནས་རེ་འདུན་ཞུས་པ་རེད།
དེའི་རྗེས་བློ་ཕམ་པའི་གནས་ཚུལ་ལ་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་དགུང་ལོ་ ༢༣ ཕེབས་སྐབས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། སྐབས་དེ་དུས་ང་ཚོས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད། འོན་ཀྱང་༸གོང་ས་མཆོག་གིས་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་སློབ་གྲྭ་དང་། དེ་ནས་བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་གསར་བཙུགས་གནང་བ་རེད། ལོ་ ༥༨ ཙམ་གྱི་གྲུབ་འབྲས་གཟིགས་པ་ཡིན་ན། ཧ་ཅང་གསལ་པོ་རེད། དཔེར་ན་ཤེས་ཡོན་ཐོག་ཆ་བཞག་པ་ཡིན་ན། ད་ལྟའི་ཆར་བཙན་བྱོལ་ནང་བོད་མི་ཡོད་པའི་ནང་ནས་ལོ་ན་ ༦༠ མན་རྩི་པ་ཡིན་ན། ཡི་གེ་འབྲི་ཀློག་ཤེས་མཁན་གྱི་བརྒྱ་ཆ་ ༩༤ རྩི་བཞིན་ཡོད། འདི་རྒྱ་གར་དང་སྦང་ལ་དེཤི། བལ་ཡུལ། པ་ཀི་སི་ཐན་ལས་མཐོ་བ་ཡིན་སྟབས། ང་ཚོ་སྐྱབས་བཅོལ་ས་ལུང་པ་དང་ཁྱིམ་མཚེས་རྒྱལ་ཁབ་ལས་ཡི་གེ་འབྲི་ཀློག་ཤེས་མཁན་གྱི་བརྒྱ་ཆ་བསྡུར་བ་ཡིན་ན། བརྒྱ་ཆ་མཐོ་བ་ཡོད་པ་དེ་༸གོང་ས་མཆོག་གིས་བཙན་བྱོལ་དུ་འབྱོར་བ་དང་ཐོག་མ་ཉིད་ནས་མ་འོངས་ས་བོན་རྣམས་ལ་ཤེས་ཡོན་གལ་ཆེན་པོ་རྩི་དགོས་རེད་ཅེས་བཀའ་སློབ་སྩལ་བ་ནང་བཞིན་མི་ཐོག་རྒན་པས་སྐུ་ལས་བསྐྱོན་ནས་གྲུབ་འབྲས་སྨིན་པ་ཆགས་ཡོད།
གཞིས་ཆགས་ཁག་ལ་གཟིགས་པ་ཡིན་ནའང་ང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་གནས་སྟངས་འཛམ་གླིང་སྤྱི་ཡོངས་ཀྱི་སྐྱབས་བཅོལ་བ་དང་བསྡུར་བ་ཡིན་ན། འཛམ་གླིང་ཡོངས་ནང་སྐྱབས་བཅོལ་བ་ལུང་པ་མེད་མཁན་ས་ཡ་དྲུག་ཅུ་ཡོད་ཟེར་གྱི་ཡོད། དེ་དག་གི་ནང་བོད་མིའི་སྒྲིག་འཛུགས་ནང་བཞིན་གཞུང་ཚགས་ཚུད་ཤོས་མེད། གཞུང་ཡིན་ནའང་ཚགས་ཚུད་ཤོས་དང་དཔལ་འབྱོར་ཡིན་ནའང་བཟང་བ། སྐྱབས་བཅོལ་བ་ས་ཡ་དྲུག་གི་ནང་ནས་ང་ཚོའི་གནས་སྟངས་བཟང་ཤོད་ཆགས་པ་དེའང་། ༸གོང་ས་མཆོག་གིས་བཀའ་དགོངས་གཞིར་བཟུང་སྲི་ཞུ་བ་རྒན་པ་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད།
དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་ཡིན་ནའང་རྒྱ་ནག་གཞུང་གི་བོད་ས་བཙན་བཟུང་བྱས་པའི་རྗེས་སུ་ཐོག་མར་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་། དགོན་སྡེ་ཁག་བརྒྱ་ཆ་ ༩༨ གཏོར་བཤིག་བཏང་། གྲྭ་བཙུན་བརྒྱ་ཆ་ ༩༩་༩ མེད་པ་བཟོས་ཏེ་བོད་རྒྱ་སྡེ་བསྒྱུར་ཟིན་ཡིན་བསམས་པ་དང་། བོད་མི་ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་ལ་དད་མི་བྱེད་མཁན་བཟོས་ཟིན་པ་ཡིན་བསམས་ཏེ་རྒྱལ་ཁ་ཐོབ་སོང་བསམས་པ་རེད། འོན་ཀྱང་ད་ལྟའི་ཆར་བོད་ལ་ནང་པ་སངས་རྒྱས་པའི་ཆོས་དར་འཕེལ་བྱུང་ཐུབ་པ་འདི་༧གོང་ས་མཆོག་གིས་བཀའ་འདྲིན་ལ་བརྟེན་ནས་བྱུང་བ་རེད། རྒྱ་གར་ནང་དུ་ནང་པ་སངས་རྒྱས་པའི་ཆོས་སླར་གསོ་དང་དར་འཕེལ་བྱུང་ཐུབ་པ་འདི་༧གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་མ་ཟད། འཛམ་གླིང་ཡོངས་སུ་ནང་པ་སངས་རྒྱས་པའི་ཆོས་ཟེར་དུས་ཚན་རིག་པ་ཚོ་ཡིན་ནའང་ཆེས་མཐོང་དང་བརྩི་བཀུར་བྱས་ནས་སློབ་གསོ་ལེན་ནས་འགྲོ་མུས་ཡིན་པ་འདི་༧གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྟབས། བཀའ་དྲིན་དེ་དག་ནམ་ཡང་བརྗེད་རྒྱུ་མེད་ཅེས་ཞུ་རྒྱུ་ཡིན།
དེ་བཞིན་ཆབ་སྲིད་ཐོག་ནས་ཀྱང་རྩ་བའི་ཕྱི་ལོ་ ༡༩༥༩ ལོར་བློ་ཕམ་པའི་གནས་ཚུལ་བྱུང་བ་རེད། འཛམ་གླིང་སྤྱི་ཡོངས་ནང་༸གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན། རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་མཇལ་འཕྲད་གནང་བའི་བཀའ་དྲིན་ལ་བརྟེན་ནས་བོད་དོན་སྐོར་གོ་རྟོགས་འཕེལ་བ་དང་། འཛམ་གླིང་ཡོངས་སུ་བོད་དོན་ལ་རྒྱབ་སྐྱོར་ཐོབ་པ། བོད་མི་ཡིན་ཟེར་དུས་མགོ་ཁྱོག་ནས་འགྲོ་ཐུབ་རྒྱུ་ཡིན་ནའང་༧གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ང་ཚོ་བཙན་བྱོལ་ནང་བོད་མི་ཉུང་ཤས་ལས་མེད་པ་ཡིན་ནའང་འཛམ་གླིང་ནང་བོད་ཀྱི་རྩ་དོན་གྱི་འབོད་སྒྲ་ཤུགས་ཆེ་ཤོག་ཆགས་པ་དེ་༸གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་འདི་ལ་ངས་སྐུའི་འཁྲུངས་སྐར་གྱི་གོ་སྐབས་འདི་འཛིན་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
བློ་ཕམ་པའི་གནས་ཚུལ་ཞིག་ལ་དོལ་རྒྱལ་རྗེས་འབྲང་བ་ཉུང་ཤས་དང་བོད་མི་རེ་གཉིས་ཀྱིས་ཆབ་སྲིད་འཁྲབ་ནས་འགྲོ་བཞིན་ཡོད། དེའི་སྐོར་ངས་དེ་སྔ་ནས་ཞུས་ཟིན་པ་ཡིན། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་དུས་ནམ་ཡང་བོད་མིའི་སྒྲིག་འཛུགས་ནས་ཁས་ལེན་གྱི་མ་རེད། དུས་རྟག་ཏུ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་རེད་ཅེས་ཞུ་རྒྱུ་ཡིན། ཡིན་ནའང་ཁོ་པ་ཚོ་ཉུང་ཤས་ལས་མེད། ༸གོང་ས་མཆིག་གི་མཛད་པ་འཕྲིན་ལས་ནི་འཛམ་གླིང་ཡོངས་ཀྱི་ལོ་རྒྱུས་ནང་འགོད་རྒྱུ་ཆགས་ཡོད། བོད་ཀྱི་ལོ་རྒྱུས་ནང་ལོ་རྒྱུས་གཏིང་ཟབ་ཤོས་དང་གལ་ཆེ་ཤོས་ཆགས་ཡོད་སྟབས། བོད་མི་ཉུང་ཤས་ཤིག་གིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེ་ལ་ཧ་ལས་དགོས་དོན་རྩ་བ་ཉིད་ནས་མེད། འོན་ཀྱང་མོས་མཐུན་རྩ་བ་ཉིད་ནས་བྱེད་ཀྱི་མེད། ཅེས་ཞུ་རྒྱུ་གཙོ་བོ་འདི་ཡིན།
དེ་རིང་འདིར་ལ་དྭགས་མི་དམངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་འདི་ཧ་ལས་པའི་བསྐལ་པ་བཟང་པོ་རེད། གང་ཡིན་ཞེ་ན། འཛམ་གླིང་ཡོངས་སུ་༸གོང་ས་མཆོག་གདན་འདྲེན་ཞུ་མཁན་ཧ་ཅང་མང་པོ་རེད། གཞིས་ཆགས་ཁག་ནས་ཀྱང་གདན་འདྲེན་ཞུ་མཁན་ཧ་ཅང་མང་པོ་རེད། འོན་ཀྱང་ལ་དྭགས་སུ་ལོ་ལྟར་ཆིབས་སྒྱུར་གནང་བ་དང་། ད་རེས་བརྟན་བཞུགས་བསྟར་འབུལ་ཞུས་པ་དེ་ཧ་ལས་པའི་བསོད་ནམས་ཆེན་པོ་རེད། འོན་ཀྱང་བརྟན་བཞུགས་འབུལ་བའི་སྐབས་ང་ཚོ་ཚང་མས་ཐུགས་སྨོན་ཞུ་རྒྱུ་རེད། ༸གོང་ས་མཆོག་སྐུ་ཚེ་རིང་པོ་གནས་པར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་དེ་རེད། གང་ཡིན་ཞེ་ན། ཇི་ཙམ་༸གོང་ས་མཆོག་སྐུ་ཚེ་རིང་པོ་གནས་པ་ཡིན་ན། བོད་ཀྱི་རྩ་དོན་དང་ནང་པ་སངས་རྒྱས་པའི་ཆོས་ཙམ་མ་ཟད། འཛམ་གླིང་ནང་ཞི་བདེ་དང་བཟང་སྤྱོད། བྱམས་སེམས་འཕེལ་སླད་ཧ་ལས་པའི་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྟབས། ཚང་མས་ཐུགས་སྨོན་ཞུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་ཐུགས་སྨོན་དང་འབྲེལ་དུས་རྟག་ཏུ་༸གོང་ས་མཆོག་གིས་བཀའ་སློབ་ཁག་སྙིང་ལ་བཅངས་པའི་ཐོག་ནས་ལག་བསྟར་བྱེད་རྒྱུའང་གལ་ཆེན་པོ་རེད་མ་གཏོགས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་གནས་པར་ཤོག་ཅེས་ཞལ་ནས་སྨོན་ལམ་རྒྱག འོན་ཀྱང་དོན་དངོས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ལག་བསྟར་མ་གནང་བ་ཡིན་ན། རྩ་བ་ཉིད་ནས་མ་འགྲིག་པ་རེད། ༸གོང་ས་མཆོག་གིས་མི་སྒེར་དང་ནང་མི། སྤྱི་ཚོགས། རྒྱལ་ཁབ། འཛམ་གླིང་ཡོངས་ལ་ཕན་རྒྱུའི་བཀའ་སློབ་སྩོལ་བཞིན་ཡོད་སྟབས། བཀའ་སློབ་དེ་དག་མ་བརྗེད་པའི་ཐོག་ནས་ངེས་པར་དུ་ལག་བསྟར་གནང་རོགས་ཞེས་ཞུ་རྒྱུ་ཡིན། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་གནས་པ་དང་བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་གང་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།