༢༠༡༧ ཟླ་ ༧ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཧོང་ཀོང་དུ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོང་ཐེངས་ ༢༨ དུས་སྟོན་སྐབས་གངས་ལྗོངས་དཔེ་སྐྲུན་ཁང་གི་དཔེ་དེབ་དབུ་འབྱེད་དང་། བོད་དོན་ངོ་སྤྲོད། བོད་དོན་གློག་བརྙན་གཟིགས་འབུལ་སོགས་བརྒྱུད་བོད་དོན་ངོ་སྤྲོད་རྒྱ་ཆེ་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༤ ཉིན་གྱི་ཕྱི་དྲོར་ཧོང་ཀོང་འགྲེམས་སྟོན་ལྟེ་གནས་ཚོགས་ཁང་ནང་ཐེངས་ ༢༨ ཧོང་ཀོང་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོང་དུས་སྟོན་སྐབས་གངས་ལྗོངས་དཔེ་སྐྲུན་ཁང་གིས་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་དང་ལྷན་དུ་མཉམ་ཞུགས་ཀྱིས་བོད་དོན་རྒྱ་ཆེ་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ཀུན་གསལ་འོད་སྣང་དུས་དེབ་རྩོམ་སྒྲིག་པ་རྒན་ལུའུ་ཧུད་ཅོན་ལགས་སོགས་ཧོང་ཀོང་དུ་ཆེད་བསྐྱོད་གནང་བ་དང་། ཁོང་ནི་ཐེ་ཝན་གྱི་དགེ་རྒན་ཞིག་ཡིན་ཞིང་བོད་ཕྱི་ནང་གཉིས་སུ་བསྐྱོད་མྱོང་ཡོད་པ་མ་ཟད། ཁོང་རང་ཉིད་ཀྱིས་དངོས་སུ་བོད་མི་དང་ཐུག་འཕྲད་ཀྱིས་བཅར་འདྲི་དང་། ས་གནས་ས་ཐོག་གི་དངོས་མཐོང་གནས་ཚུལ་ཁག་ཧོང་ཀོང་མི་མང་ལ་ངོ་སྤྲོད་གནང་ཡོད།
དེ་བཞིན་ཁོང་ཉིད་ཐེ་ཝན་ནང་གཏན་སྡོད་གནང་མཁན་ཞིག་ཡིན་པའི་ངོས་ནས་ཐེ་ཝན་ནང་གཞུང་དང་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་སྡེ་ཁག་གི་ལངས་ཕྱོགས་དང་། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་སྟངས་སྐོར་སོགས་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་། ཧོང་ཀོང་གི་སྒོ་འབྱེད་དུས་དེབ་རྩོམ་སྒྲིག་པ་ལྕམ་ཚའེ་ལགས་ཀྱིས་བོད་དོན་རྩོམ་ཡིག་ཕྱོགས་སྒྲིག་གི་དཔེ་དེབ་གསར་པ་གངས་ལྗོངས་དེབ་ཕྲེང་༢༧ དབུ་འབྱེད་དང་ངོ་སྤྲོད་གནང་རྗེས། བོད་དང་ཐེ་པེ་ཟེར་བའི་བོད་དོན་གློག་བརྙན་གཟིགས་འབུལ་དང་། བོད་དོན་དང་འབྲེལ་བའི་དྲི་བ་ཁག་ལ་གསལ་བཤད་ཀྱང་གནང་ཡོད་པ་རེད། ཐེངས་འདིའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོང་གི་དུས་སྟོན་སྐབས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྟངས་འཛིན་འོག་ཡོད་པའི་གངས་ལྗོངས་དཔེ་སྐྲུན་ཁང་ནས་འགྲེམས་སྤེལ་གནང་བའི་གངས་ལྗོངས་དེབ་ཕྲེང་སྟེ་རྒྱལ་སྤྱིའི་ཁྲིམས་ཐོག་བོད་ཀྱི་གནས་བབ་དང་། ༸གོང་ས་མཆོག་གི་མཛད་རྣམ། བོད་ཀྱི་རྒྱལ་རབས་ལོ་རྒྱུས། བོད་མིའི་རང་ལུས་མེར་སྲེག བོད་དོན་རྩོམ་ཡིག་ཕྱོགས་སྒྲིག་སོགས་ཁྱོན་དེབ་གྲངས་ ༢༧ སྒྲིག་བཤོམས་གནང་ཡོད་པ་རེད། བོད་དོན་ངོ་སྤྲོད་བརྒྱུད་རིམ་ཆ་ཚང་དྲ་ལམ་བརྒྱུད་ཐད་གཏོང་གནང་ཡོད།
ཐེངས་འདིའི་ཧོང་ཀོང་གི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོང་དུས་སྟོན་ནི་ཕྱི་ཟླ་ ༧ ཚེས་ ༡༩ ནས་ ༢༥ བར་ཧོང་ཀོང་འགྲེམས་སྟོན་ལྟེ་གནས་ཚོགས་ཁང་ནང་གོ་སྒྲིག་གནང་ཡོད་པ་དང་། ཧོང་ཀོང་ཚོང་དོན་འཕེལ་རྒྱས་ལྷན་ཁང་ནས་གཙོ་གཉེར་གནང་བ་ཞིག་རེད། ཐེ་ཝན་རིག་གཞུང་ལྷན་ཁང་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རྒྱབ་སྐྱོར་མཐུན་འགྱུར་གནང་སྟེ་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་རང་དབང་དཔེ་ཚོང་ཁང་ནས་འགན་ཁུར་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད། །