༢༠༡༧ ཟླ་ ༧ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་གསུང་ཆོས་ར་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བཞུགས་ཁྲིར་ཞབས་སོར་འཁོད་རྗེས་སྔོན་འགྲོའི་བཀའ་ཆོས་སྩལ་དོན། དེ་རིང་འདིར་ཆོས་འབྲེལ་བྱ་རྒྱུ་རེད། ང་རང་ཚོ་ནམ་རྒྱུན་བོད་ལ་ཡིན་ནའང་རེད། ཧི་མཱ་ལ་ཡ་རི་རྒྱུད་ཀྱི་ཆོས་པ་ཚོ་ཡིན་ནའང་རེད། ཆོས་འབྲེལ་ཟེར་དུས་གཟུང་སྔགས་དང་ཆོ་ག་དེ་འདྲ་བཏོན་པ་དང་། བོད་ལ་ཡིན་ནའང་གསུང་ཆོས་རྒྱས་པ་གནང་བའི་སྐབས་དགེ་ལུགས་ཡིན་ན་ལམ་རིམ་དང་། སྤྱིར་བཏང་བཀའ་བརྒྱུད་རྙིང་མ་ཡིན་ན་བློ་ལྡོག་རྣམ་བཞི་ཞེས་གསུང་བཞིན་འདུག ཧ་ཅང་ཡག་པོ་རེད། ལོ་བརྒྱ་ཕྲག་མང་པོའི་རིང་མི་མང་པོར་ཕན་ཐོགས་བྱུང་ཡོད།
ངོས་རང་ལོ་རྒན་ ༨༢ ལ་སླེབ་པའི་མི་རྒན་ཞིག་ཆགས་ཡོད། འཛམ་གླིང་གནས་ཚུལ་མང་པོ་ཞིག་མཐོང་གི་ཡོད། ང་རང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་གང་ཟག་སྒོས་བཙན་དེ་གཙོ་བོ་ཆགས་འདུག བསྟན་པ་སྤྱི་བཙན་ཟེར་རྒྱུའི་ཐོག་ང་ཚོས་ལྷོད་ཡངས་བཏང་འདུག བླ་མ་སྐྱེས་ཆེན་དམ་པ་ཚོས་གསུང་ཆོས་གནང་བའི་སྐབས་བློ་ལྡོག་རྣམ་བཞི་དང་སྐྱེས་བུ་གསུམ་གྱི་ལམ་རིམ་མདོར་བསྡུས་ཤིག་མར་གསུང་ནས་གཞི་དངོས་པོའི་གནས་ཚུལ་བདེན་གཉིས་ཀྱི་རྣམ་གཞག་གཏན་ལ་དབབ་རྒྱུ། དེ་དང་འབྲེལ་བའི་བདེན་གཞིའི་རྣམ་གཞག་གཏན་ལ་དབབ་རྒྱུ་དེ་འདྲ་བྱེད་ནས་གསུང་རྒྱུ། དཔེར་ན། ལམ་རིམ་ཆེན་མོའི་ནང་ཆ་བཞག་པ་ཡིན་ན། བདེན་བཞི་དེ་སྐྱེས་བུ་འབྲིང་གི་སྐབས་སུ་ཉུང་ངུ་ལས་གསུང་མི་འདུག དེའི་སྔོན་འགྲོ་ཐོན་ནས་སྔགས་ཀྱི་དབང་དང་བྱིན་རླབས་དེ་འདྲ་གནང་རྒྱུ་དེ་གཙོ་འདོན་བྱས། ཆོས་པ་ཚོར་ཆོས་ཉམས་ལེན་བྱེད་བརྗོད་སྐབས་ལྷའི་རྣལ་འབྱོར་ཞིག་བཏོན། སྔགས་བགྲང་བ་དེ་འདྲའི་ཐོག་ནས་འགྲོ་བཞིན་པ་ཞིག་ཆགས་འདུག
ང་ཚོ་དུས་རབས་ ༢༡ ནང་སླེབ་ཡོད། འཛམ་གླིང་འཁྲུག་ཆ་དོད་པོ་འདིའི་ནང་སངས་རྒྱས་པའི་ཆོས་འདི་རི་ཁྲོད་པ་ཞིག་གིས་ཉམས་ལེན་བྱེད་རྒྱུའི་བསྟན་པ་སྤྱི་བཙན་ཕར་བཞག གང་ཟག་སྒོས་བཙན་གྱི་འགྲོ་རྒྱུ་བྱེད་པ་ཡིན་ནའང་འདང་གི་མི་འདུག་བསམ་པ་ངོས་ཀྱིས་དྲན་གྱི་འདུག ངོས་ཀྱིས་ནམ་རྒྱུན་ཆོས་འཆད་པའི་སྐབས་སྔོན་ལ་ནང་ཆོས་ངོ་སྤྲོད་དང་། ནང་ཆོས་ངོ་འཕྲོད་ནས་གཞི་ནས་ཉམས་སུ་བླང་རྒྱུ་དེ་དག་བྱེད་པ་ཡིན་ན། གང་ཟག་སྒོས་བཙན་རིགས་འབྲེལ་བ་ཡོད། འོན་ཀྱང་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་ཡོང་སྐབས་བསྟན་པ་སྤྱི་བཙན་བྱས་ནས་མདོར་ན་བཀའ་འགྱུར་བསྟན་འགྱུར་གྱི་པོ་ཏི་སུམ་བརྒྱ་དེ་དག་གི་དོན་དག་ཚུར་བསྡོམས་བརྒྱབ་ནས་སངས་རྒྱས་ཀྱི་ཆོས་ངོ་འཕྲོད་དགོས་རྒྱུ་གལ་ཆེན་པོ་འདུག
ངོས་ཀྱིས་ཧ་ཅང་ཤེས་ཀྱི་མེད་ནའང་གང་ཐུབ་བསྟན་པ་སྤྱི་བཙན་ཐོག་ནས་སངས་རྒྱས་ཀྱི་ཆོས་ངོ་འཕྲོད་རྒྱུ་དང་། བྱེ་བྲག་ཏུ་སོ་སོ་སྒེར་གྱི་བསམ་བློ་གཏང་རྒྱུ་དེ་འདྲ་ལ་གང་ཟག་སྒོས་བཙན་གྱི་ལྷའི་རྣལ་འབྱོར་དེ་འདྲའི་ཐོག་ནས་ཕྱིན་པ་ཡིན་ན་འགྲིག་པ་རེད། གང་ལྟར་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ནང་མདོ་སྡེ་དང་རྒྱུད་སྡེ་ཕྱོགས་ཡོད། མདོ་སྡེའི་ཕྱོགས་དེ་དག་བསྟན་པ་སྤྱི་བཙན་བྱས་ནས་གསུང་འདུག དཔེར་ན། ཤེར་ཕྱིན་གྱི་མདོ་དེ་དག་བསྟན་པ་སྤྱི་བཙན་བྱས་ནས་གསུང་ཡོད། རྒྱུད་སྡེའི་ཕྱོགས་དེ་དག་བཅོམ་ལྡན་འདས་དགེ་སློང་གི་རྣམ་པ་བྱས་ནས་ཡོངས་གྲགས་གསུང་པ་ཕལ་ཆེར་མེད། མང་ཆེ་བ་གང་ཟག་ལས་དག་གཅིག་གི་ངོ་བོར་སྟོན་པ་ཐུབ་པའི་དབང་པོ་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་ཤར་ནས་གསུང་པ་ཞིག་རེད་འདུག
དེ་གང་ཟག་སྒོས་བཙན་རེད། དཔེར་ན། ཤེར་ཕྱིན་གྱི་མདོ་དེ་དག་བྱ་རྒོད་ཕུང་པོའི་རིར་ལྷ་དང་མི། ལྷ་མ་ཡིན། དྲི་ཟ་བཅས་པའི་འཇིག་རྟེན་ཡི་རངས། གསུང་པ་ནང་བཞིན་གདུལ་བྱ་རྒྱ་ཆེན་པོ་འདུག དེ་བཞིན་བདེན་བཞིའི་ཆོས་འཁོར་གསུང་པའི་སྐབས་ཡོངས་གྲགས་དཀའ་ཐུབ་གནང་ནས་ལོ་རྒྱུས་ནང་ཡུལ་ཝ་ར་ཎ་སིར་ཐོག་མར་གསུང་བའི་བདེན་བཞིའི་ཆོས་འཁོར་དེ་དག་ལོ་རྒྱུས་ནང་འཁོད་ཡོད་པ་དང་། ཤེས་རབ་སྙིང་པོ་བྱ་རྒོད་ཕུང་པོའི་རིར་གསུང་པ་དེ་ཡོངས་གྲགས་རང་ཕལ་ཆེར་ཆགས་མི་འདུག མ་གཞི་ནས་ལྷ་དང་མི། ལྷ་མ་ཡིན། དྲི་ཟ་བཅས་པའི་འཇིག་རྟེན་ཡི་རངས་གསུང་པ་ནང་བཞིན་གདུལ་བྱ་རྒྱ་ཆེན་པོ་དང་མང་པོ་ཡོད་ནའང་ཡོངས་གྲགས་ཆགས་མི་འདུག
དེར་བརྟེན་སྔར་ཀླུ་སྒྲུབ་ཡབ་སྲས་ཀྱི་གོང་ནས་དུས་ད་ལྟ་བར་དུ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད། ཅེས་བཤད་རྒྱུ་ཞིག་དུས་ད་ལྟ་བར་དུ་ཡོད། དེ་ཡོངས་གྲགས་བྱས་ནས་ལོ་རྒྱུས་ནས་ཤེར་ཕྱིན་གྱི་མདོ་དེ་བྱ་རྒོད་ཕུར་པོ་རིར་གསུང་པ་དེ་དག་ལོ་རྒྱུས་ནང་འཁོད་མེད་པའི་བཟོ་འདྲ་ཞིག་འདུག ལྷག་པར་གསང་སྔགས་ཀྱི་ཆོས་འཁོར་དེ་དེ་བས་ཀྱང་ནང་པ་སངས་རྒྱས་པའི་ཆོས་མ་རེད། འདི་མུ་སྟེགས་པའི་ཆོས་དང་འབྲེལ་འདུག ཅེས་སྔར་ཡིན་ནའང་རྒྱ་གར་ནང་དེ་འདྲའི་གླེང་གཞི་མང་པོ་བྱུང་ཡོད། བོད་གངས་ཅན་གྱི་ལྗོངས་སུ་གསང་སྔགས་ཀྱི་ཆོས་ཧ་ཅང་དར་སྲོལ་ཆེན་པོ་བྱུང་ཡོད། གསང་སྔགས་ལ་རྡོ་རྗེ་སློབ་དཔོན་གལ་ཆེན་པོ་རེད། བླ་མ་གལ་ཆེན་པོ་ཆགས་པ་རེད། བླ་མས་བསྟན་པ་སྤྱིའི་རྣམ་གཞག་ངོ་སྤྲོད་བྱེད་ནས་གཞི་རླིངས་པོ་ཞིག་གི་ཐོག་ནས་གཞི་གཏིང་རྒྱུ་གང་ཡང་མེད་པ། རང་གི་བླ་མ་བརྒྱུད་པའི་ཐོག་ནས་མར་གསུང་བཞག་པ་ཞིག་ཆགས་དུས་བར་སྐབས་བོད་དུ་ཕྱི་རྒྱལ་བ་བལྟ་སྐོར་ཡོང་མཁན་ཚོས་སངས་རྒྱས་པའི་ཆོས་འདི་སངས་རྒྱས་པའི་ཆོས་ངོ་མ་མ་རེད། འདི་ནི་བླ་མའི་ཆོས་ལུགས་རེད། ཅེས་དེ་ལྟར་བཤད་རྒྱུ་ཞིག་བྱུང་བ་རེད།
གང་ལྟར་དེ་སྔ་བོད་ལ་བཤད་གྲྭ་ཆེན་པོ་དེ་ཚོའི་གྲས་རིས་སུ་མ་ཕྱེ་བའི་བཤད་གྲྭ་ཆེན་པོ་དེ་ཚོའི་གྲས་བསྟན་པ་སྤྱིའི་རྣམ་གཞག་གཏན་ལ་ཕབ་ནས་ཡོང་གི་ཡོད་པ་མ་གཏོགས་གཞན་ང་རང་ཚོ་མང་པོ་ཞིག་གང་ཟག་སྒོས་བཙན་ཁོ་རང་ཐོག་མར་ཕྱིན་ནས་བླ་མའི་རིང་ལུགས་ཟེར་རྒྱུ་ཞིག་ཆགས། ལུང་པ་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་ལུགས་རེ། ཟེར་བ་ལྟ་བུ་ཆགས་ཡོང་གི་ཡོད། དེ་ལྟར་བླ་མ་རེ་ལ་དབུ་ཞྭ་མི་འདྲ་བ་བཞེས། ཞེས་སོགས་ཀྱི་བཀའ་སློབ་སྩལ།།