༢༠༡༧ ཟླ་ ༧ ཚེས་ ༡༦ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༣ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཝཱ་ཎ་བོད་ཀྱི་མཐོ་སློབ་ཨ་ཏི་ཤའི་ཚོགས་ཁང་ནང་དུ་ངེས་སྟོན་པ་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན།
རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱས་ཀྱང་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་རྣམས་ཀྱིས་བཙན་བྱོལ་གྱི་གནས་བབ་ཐོག་ནས་དཔལ་ནལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ཧྲ་ཏག་ཏག་བྱས་ཐུབ་ཡོད་པར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པའི་རིག་གནས་གསར་བརྗེ་ཟེར་བ་ལས་རྣམ་པར་རྒྱལ་ཐུབ་པ་བྱུང་ཡོད།
དཔེར་ན་པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་ཡིག་འབྲུ་ཁྲི་བདུན་གྱི་ཞུ་ཡིག ཅེས་པ་རྒྱ་ནག་དམར་པོའི་འགོ་གཙོར་ཕུལ་བ་དེའི་ནང་རྒྱ་ནག་དམར་པོའི་དབང་བསྒྱུར་འོག་བོད་ནང་རིག་གནས་གསར་བརྗེ་ཟེར་བ་ལག་བསྟར་བྱས་རྐྱེན་བོད་བརྒྱུད་ནང་བསྟན་གྱི་ཆོས་བྱེད་དགེ་འདུན་གྱི་སྡེ་དང་གཞན་ཡང་བཙུན་དགོན་དང་། ལྷ་ཁང་སོགས་བསྟན་པ་བཤད་སྒྲུབ་སྤེལ་གསུམ་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་བསྟི་གནས་ཁང་ལོ་རྒྱུས་རང་བཞིན་ལྡན་པ་སྟོང་ཕྲག་མང་པོ་འཛེམ་ཟོན་སྤུ་ཙམ་མེད་པའི་ཐོག་ནས་གཏོར་བཤིག་བཏང་ཡོད་སྐོར་འཁོད་ཡོད། ཆོས་མེད་སྨྲ་བ་རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་ཐབས་བྱ་རྒྱུའི་ངན་གཡོའི་སྲིད་བྱུས་དེར་མཐར་ལམ་ལྷོང་ལྡན་པ་ཞིག་བྱུང་སོང་བསམས་ནས་རེ་སྟོང་ཁོག་བཅུག་བྱས་ཡོད་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་འཆར་སྣང་ལྟར་ད་ཆ་གཙོ་བོ་རྒྱ་གར་ཧི་མཱ་ལ་ཡི་རི་རྒྱུད་དང་ཕྱི་རྒྱལ་ཡུལ་གྲུ་ཙམ་མ་ཟད། རྒྱ་ནག་སྐམ་ས་དང་བོད་ནང་དུའང་བོད་བརྒྱུད་ནང་བསྟན་ལ་དད་གུས་ཞུ་རྒྱུ་ཙམ་མ་ཟད། རྗེས་སུ་འབྲང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་དཔེར་ན།
དེང་སྐབས་ཉམས་ཞིབ་པ་ཁག་གཅིག་གིས་རྒྱ་ནག་ནང་དུ་ནང་པ་མི་གྲངས་ས་ཡ་ ༣༠༠ ནས་ ༤༠༠ བར་ཡོད་སྐོར་བརྗོད་བཞིན་པ་དང་ལྷག་པར་དེ་ཁྲོད་མང་པོ་ཞིག་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཡིན་པར་བརྟེན་རྒྱ་ནག་ནང་དུ་རྒྱ་རིགས་དམར་ཤོག་འགོ་ཁྲིད་ས་ཡ་ ༨༢ ལས་མེད་སྟབས་ནང་པའི་གྲངས་འབོར་ས་ཡ་ ༤༠༠ བར་ཡོད་པ་བརྗོད་སྐབས་གྲངས་འབོར་ཆ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལས་ནང་པ་མང་བ་ཡོད་པ་གསལ་པོ་ཆགས་ཡོད། དེར་བརྟེན་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚོས་༸གོང་ས་མཆོག་གི་འཇམ་པོའི་སྟོབས་ཤུགས་ལ་ཧ་ཅང་ཞེད་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་སོགས་གསུངས། དེ་རྗེས་ལྡི་ལི་བརྒྱུད་བཞུགས་སྒར་དུ་ཕེབས་ཐོན་གནང་ཡོད་པ་བཅས།།