༢༠༡༧ ཟླ་ ༧ ཚེས་ ༡༨ རེས་གཟའ་མིག་མར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༦ ཉིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ནར་བྷ་ཧཱ་དུར་བྷན་ཌ་རི་ Shri Nar Bahadur Bhandari མཆོག་རྒྱལ་ས་ལྡི་ལིའི་པྲི་མ་སི་སྨན་ཁང་དུ་ Primus Hospital ཡུན་རིང་ནད་མནར་འོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མྱ་ངན་གུས་འདུད་ཞུས་འདུག དམ་པ་ཁོང་ནི་དགུང་གྲངས་ ༧༧ ཡིན་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤུལ་ལུས་ནང་མི་དང་འབྲས་ལྗོངས་མི་མང་རྣམས་ལ་གསུང་དོན། སྐུ་ཞབས་ནར་བྷ་ཧཱ་དུར་བྷན་ཌ་རི་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དེས་ཁྱེད་རྣམས་ལ་གྱོང་གུན་ཚབས་ཆེ་ཕོག་ཡོད། ཡིད་གདུང་དྲག་པོས་མནར་བཞིན་པའི་དུས་སྐབས་འདིར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་རྣམས་ལ་སྙིང་ཐག་པ་ནས་སེམས་གསོ་དང་སྦྲགས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད།
གཟིགས་རྒྱང་ཆེ་ཤིང་མང་ཚོགས་ཁྲོད་དགའ་མོས་ཧ་ཅང་ཞུ་ཡུལ་གྱི་དབུ་ཁྲིད་དམ་པ་ཁོང་ནི། འབྲས་ལྗོངས་མངའ་སྡེའི་ནང་གི་འཛུགས་སྐྲུན་གྱི་ཨ་མ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད། དེ་ནི་གཙོ་བོ་དམ་པ་ཁོང་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་བདེ་དོན་ཆེད་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོད་པ་དང་། ལྷག་པར་ཤེས་ཡོན་ཐོག་ནས་བརྗོད་ན་སྔོན་འགྲོ་ནས་མཐོ་སློབ་བར་རིན་མེད་ཐོག་ཤེས་ཡོན་གྱི་གོ་སྐབས་སྐྲུན་པ་མ་ཟད། གྲོང་གསེབ་ས་ཁུལ་ནང་གློག་གི་མཐུན་རྐྱེན་བརྒྱ་ཆ་བརྒྱ་ནས་བརྒྱ་སྦྱར་བ། དེ་བཞིན་མང་ཚོགས་ཀྱི་འཕྲོད་བསྟེན་སྨན་ཁང་དང་གྲོང་གསེབ་ཁག་ཚང་མའི་ནང་གཞུང་ལམ་གསར་རྒྱག་གནང་བ་བཅས་ཡར་རྒྱས་ཤུགས་ཆེ་བཏང་ཡོད།
ལྷག་པར་ཕྱི་ལོ་ ༡༩༩༣ ཕྱི་ཟླ་ ༤ ནང་དམ་པ་ཁོང་གི་དབུ་ཁྲིད་ལམ་སྟོན་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་ཐེངས་ ༡༧ པ་སྩལ་གནང་མཛད་པར་བརྟེན་བོད་མི་རྣམས་ཀྱིས་དམ་པ་ཁོང་གི་བཀའ་དྲིན་དུས་རྟག་ཏུ་སྙིང་བཅང་ཞུ་བཞིན་ཡོད།
དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེས་འབྲས་ལྗོངས་མི་མང་རྣམས་ལ་གསབ་ཏུ་མེད་པའི་གྱོང་གུན་ཧ་ཅང་ཆེན་པོ་ཕོག་པ་ཞིག་ཆགས་ཡོད་སྟབས་ཐེངས་འདིར་འབྲས་ལྗོངས་མངའ་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༧ ནས་ཚེས་ ༢༣ བར་བཅས་ཉིན་གྲངས་བདུན་རིང་གཞུང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུའི་ཆོད་སེམས་ལ་ངས་རྒྱབ་སྐྱོར་དང་སྦྲགས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་གསུངས།
སྤྱིར་སྐུ་ཞབས་ནར་བྷ་ཧཱ་དུར་བྷན་ཌ་རི་ Shri Nar Bahadur Bhandari དམ་པ་ཁོང་ནི་ནུབ་འབྲས་ལྗོངས་ཀྱི་སོ་རེང་ Soreng གྲོང་གསེབ་ཉེ་འགྲམ་མལ་བྷ་སི་ Malbasey ཞེས་པའི་གྲོང་གསེབ་ནང་ཕྱི་ལོ་ ༡༩༤༠ ཟླ་ ༡༠ ཚེས་ ༥ ཉིན་འཁྲུངས་ཤིང་། ལོ་ཤས་རིང་སློབ་དགེའི་ཕྱག་ལས་གནང་། དེ་རྗེས་ཕྱི་ལོ་ ༡༩༧༩ དང་ ༡༩༨༤ ༡༩༨༩ བཅས་སོ་སོར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་མྱོང་ཡོད།
ད་ལྟ་སྐུ་ཟླ་ལྕམ་སྐུ་ཌིལ་ཀུ་མཱ་རི་བྷན་ཌ་རི་ Smt Dil Kumari Bhandari མཆོག་དང་བུ་མོ་གསུམ། བུ་གཅིག་བཅས་ཡོད་འདུག སྤྱིར་ལྕམ་སྐུ་ཌིལ་ཀུ་མཱ་རི་བྷན་ཌ་རི་མཆོག་རྒྱ་གར་དབུས་གཞུང་གྲོས་ཚོགས་འོག་མའི་འཐུས་མི་གནང་མུས་ཡིན་འདུག
ཕྱི་ལོ་ ༡༩༨༤ ལོར་དམ་པ་ཁོང་གིས་འབྲས་ལྗོངས་ས་ཁུལ་གྱི་སྐུ་ཚབ་ཐོག་ནས་རྒྱ་གར་གྲོས་ཚོགས་འོག་མའི་སྐབས་བརྒྱད་པའི་གྲོས་ཚོགས་འཐུས་མི་ཁྱུག་ཙམ་རིང་གནང་མྱོང་ཡོད་འདུག་པ་བཅས།།