༢༠༡༧ ཟླ་ ༧ ཚེས་ ༩ རེས་གཟའ་ཉི་མ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།
ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༨ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་ལས་བྱེད་དང་སློབ་ཕྲུག་བཅས་ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ལ་དྭགས་ས་གནས་ཁྲིམས་དྲུང་། ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ། བོད་ཁྱིམ་ཤེས་ཡོན་འགན་འཛིན།ལ་དྭགས་བོད་ཁྱིམ་གྱི་སློབ་སྤྱིས་གཙོས་དགེ་ཆེ་དང་། དགེ་ལས་སློབ་ཕྲུག་བཅས་ཚང་འཛོམས་ཀྱིས་ཐོག་མར་ལ་དྭགས་བོད་ཁྱིམ་གྱི་ངེས་སྟོན་པ་འཆི་མེད་ལྷུན་གྲུབ་ལགས་ཀྱིས་ཕེབས་སུ་དང་འབྲེལ་སློབ་གྲྭའི་ལས་བསྡོམས་སྙན་གསེང་ཞུས་རྗེས་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།
དེ་རྗེས་སྔ་དྲོ་ཆུ་ཚོད་ ༡༠།༤༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཆེབ་བསྟོད་སྐུ་མགྲོན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་བསོད་ནམས་ཟླ་བ་བློན་པོ་ལགས། ཕྱོགས་བཞུགས་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས། ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཆུང་གྲགས་ལགས། ལ་དྭགས་ས་གནས་ཁྲིམས་དྲུང་པདྨ་བཟང་པོ་ལགས། ལ་དྭགས་བྱང་ཐང་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ་ལགས། ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་འཆི་མེད་ལྷུན་གྲུབ་ལགས། ལ་དྭགས་བསོད་གླིང་གི་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་བསོད་ནམས་ཟླ་བ་བློན་པོ་ལགས་ཀྱིས་གསུང་བཤད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་མགྲོན་འབོད་ལྟར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ལ་གསུང་བཤད་གནང་ཡོད་པ་བཅས།།