༢༠༡༧ ཟླ་ ༧ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་ཉིན་དེར་ལ་དྭགས་ཞི་བའི་ཚལ་དུ་༸གོང་ས་མཆོག་དབུ་བཞུགས་ཐོག ཚན་རིག་ཀུན་བཏུས་ཀྱི་དཔེ་དེབ་རྒྱ་ཡིག་ཐོག་ཕབ་བསྒྱུར་ཞུས་པ་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་དབུ་འབྱེད་མཛད་པ་དང་སྦྲགས་བཀའ་སློབ་འདི་ལྟར་སྩལ།
དེ་རིང་འདིར་དམིགས་བསལ་ཞིག་ལ་ཚན་རིག་ཀུན་བཏུས་སྔ་མོ་ལོ་བཅོ་ལྔ་ཉི་ཤུའི་མཚམས་ནས་ང་ཚོས་བསམ་བློ་ཞིག་བཏང་གྲ་སྒྲིག་བྱས་པ་རེད། བཀའ་འགྱུར་བསྟན་འགྱུར་ནང་ནས་བརྗོད་བྱ་སྡེ་ཚན་གསུམ་དུ་ཕྱེ་ནས་ཚན་རིག་གི་སྡེ་ཚན་གཅིག ལྟ་གྲུབ་ཀྱི་སྡེ་ཚན་གཅིག དེ་ནས་ཆོས་ཕྱོགས་ཀྱི་སྡེ་ཚན་གཅིག་བཅས་གསུམ་དུ་དབྱེ། ཆོས་ཕཡོགས་ཀྱི་སྡེ་ཚན་དེ་ནང་པ་ཚོ་དང་འབྲེལ་བ་ཡོད་པ་མ་གཏོགས་སྤྱི་ཡོངས་ཀྱི་འབྲེལ་བ་མེད། སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་སྐོར། དེ་ནས་གཞི་བདེན་པ་གཉིས་ཟེར་བའི་སྣང་གནས་གཉིས་ཡོད་པ་དེ་འདྲའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་འདི་དེང་སྐབས་ Quantum physics ཚད་རྡུལ་དངོས་ཁམས་རིག་པའི་འགྲེལ་བཤད་རྒྱག་སྟངས་གཅིག་མཚུངས་སུ་སླེབ་བཞིན་ཡོད།
བསྡུར་ཡོང་དུས་ནའ་ལེནྡྲའི་མཁས་པ་ཚོས་ལོ་ཉིས་སྟོང་གོང་ནས་བརྟག་དཔྱད་བྱས་པ་དེ་རྒྱ་ཆེ་བ། གཏིང་ཟབ་པ། ཆ་ཚང་བ་ཞིག་འདུག དེ་ལྟ་བུའི་ལྟ་གྲུབ་གྱི་སྡེ་ཚན་ཞིག་ཕྱེ་ནས་ཤེས་ཡོན་རང་གི་དོན་དག་ཆགས་ཡོད། འབྱུང་ཁུངས་ནི་ནཱ་ལེནྡྲའི་མཁས་པའི་གཞུང་གཙོ་བོའི་ཐོག་ནས་བྱུང་བ་རེད། འོན་ཀྱང་བརྗོད་བྱ་རང་གི་ངོས་ནས་ཤོས་ཡོན་གྱི་སྡེ་ཚན་ནང་བཞག་ཐུབ་རྒྱུ་ཞིག་རེད། དེར་བརྟེན་ཐོག་མར་དགེ་བཤེས་གང་ཙམ་གྱིས་ཞིབ་འཇུག་བྱས་ནས་ཚན་རིག་ཀུན་གཏུས། ལྟ་གྲུབ་ཀུན་གཏུས་དེ་ལྟར་བཟོས་པ་རེད། དེ་ནས་རིམ་པས་བོད་ཡིག་ནང་རོབ་ཙམ་གཏན་འཁེལ། དེ་ནས་རྒྱ་ཡིག་དང་། ཧིན་དི། ཨིན་ཡིག ཉི་ཧོང་། རུ་སུ། སོག་སྐད་སོགས་སྐད་ཡིག་མང་པོའི་ནང་བསྒྱུར་རྒྱུ་འགོ་འཛུགས་པ་རེད།
རྒྱ་ཡིག་ནང་བསྒྱུར་རྒྱུ་ད་ལམ་ཟིན་པ་བྱས་ཏེ་ད་རེས་སྒོ་འབྱེད་བྱེད་རྒྱུའི་གོ་སྐབས་བྱུང་བ་འདི་ཧ་ཅང་དགའ་པོ་བྱུང་། རྒྱ་རིགས་ནང་ཕ་མེས་ནས་ནང་པའི་རྗེས་འབྲང་ཆགས་ཡོད། བར་སྐབས་རིག་གནས་གསར་བརྗེ་སྐབས་བོད་ནང་གཏོར་བཤིག་བྱུང་བ་ནང་བཞིན་རྒྱ་ནག་ནང་དུའང་གང་ཙམ་གཏོར་བཤིག་བྱུང་ཡོད། འོན་ཀྱང་ཆོས་དད་ཟེར་རྒྱུ་ནི་མིའི་སེམས་དང་འབྲེལ་བ་ཞིག་ཆགས་སྟབས། ཕྱི་ནས་གཏུབ་གསད་བྱས་པ་ཡིན་ནའང་སེམས་ལ་འགྱུར་བ་ཐེབས་རྒྱུ་ཁག་པོ་རེད། དེར་བརྟེན་བོད་ནང་ཆ་བཞག་པ་ཡིན་ནའང་ཇི་ཙམ་གདུག་རྩུབ་བྱས་པ་ཡིན་ནའང་དེ་ཙམ་གྱིས་སེམས་ཤུགས་ཆེ་རུ་འགྲོ་བཞིན་འདུག
རྒྱ་ནང་ནང་ལ་ཆ་བཞག་པ་ཡིན་ནའང་རིག་གནས་གསར་བརྗེ་ཟིན་པའི་རྗེས་ལ་ཡི་ཤུའི་ཆོས་དང་ཁ་ཆེའི་ཆོས། ནང་པའི་ཆོས་བཅས་བསྐྱར་གསོ་ཧ་ཅང་མགྱོགས་པོ་བྱུང་བ་རེད། དེང་སྐབས་རྒྱ་ནག་ནང་དུ་ནང་པའི་ཆོས་དད་བྱེད་མཁན་ཕལ་ཆེར་མི་འབོར་ས་ཡ་བཞི་བརྒྱ་ཙམ་འདུག འཛམ་གླིང་འདིའི་སྟེང་ལུང་པ་ ༡༩༩ ཙམ་ཡོད་རེད། དེའི་ནང་ནས་ནང་པ་མང་ཤོས་ཡོད་པའི་རྒྱལ་ཁབ་རྒྱ་ནག་ཆགས་ཡོད་སྟབས། ད་རེས་རྒྱ་སྐད་ཐོག་ཚན་རིག་ཀུན་བཏུས་སྒྱུར་བ་འདི་རིམ་བཞིན་ཕན་ཐོགས་གང་ཙམ་ཡོང་ཐུབ་པའི་རེ་བ་ཡོད། རིམ་པས་སྐད་ཡིག་གཞན་ནང་ཡོད་པ་དེ་དག་ཤེས་ཡོན་གྱི་སློབ་ཚན་རང་བྱས་ནས་ཕན་ཐོགས་ཡོང་ཐུབ་པའི་རེ་བ་ཡོད། སེམས་ཁམས་རིག་པ་ཟེར་རྒྱུ་ནི་འཛམ་གླིང་འདིའི་སྟེང་ཧ་ཅང་དགོས་མཁོ་ཡོད་པ་ཞིག་རེད་འདུག སྒྱུར་བ་པོ་འཇམ་དབྱངས་རིན་ཆེན་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན།
དེ་རིང་འདིར་ཁྱེད་རང་ཚོ་ཚང་མས་ངོས་ལ་མོས་པ་དང་བརྩེ་བ་བྱས་ནས་ཡོང་ཡོད། དེ་དང་དེ་བཞིན་བོད་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་གིས་མངོན་གསལ་དོད་པོ་བྱས་ནས་བྱེད་ཐུབ་རྒྱུ་མེད། ངོས་ལ་སྐྱེ་སྐར་གཉིས་ཡོད། བོད་ཟླ་ ༥ ཚེས་ ༥ དང་ཕྱི་ཟླ་ ༧ ཚེས་ ༦ བཅས་སྐྱེ་སྐར་རྟེན་འབྲེལ་བྱེད་རྒྱུ་ཁག་གཉིས་ཡོང་གི་ཡོད།
དེར་བརྟེན་བོད་ནང་ཡོད་པ་མང་པོ་ཞིག་གིས་སྨོན་ལམ་རྒྱག་བཞིན་ཡོད། རྒྱ་ནག་ནང་གི་ནང་པ་ཧ་ཅང་མང་པོ་ཞིག་གིས་སྨོན་ལམ་རྒྱག་བཞིན་ཡོད། དེ་མཚུངས་ཐེ་ཝན། ཀོ་རི་ཡ། ཝེ་ཏི་ནམ། མ་ལེ་ཤི་ཡ། སིང་གྷ་པུར་སོགས་ལ་ངོས་ཀྱི་ངོ་ཤེས་པའི་ཆོས་གྲོགས་མང་པོ་ཡོད། དེ་དག་གིས་དེ་རིང་སྐྱེ་སྐར་དུས་དྲན་བྱེད་བཞིན་འདུག དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་རིགས་གཙོ་བོར་གྱུར་པའི་ང་ཚོའི་གྲོགས་པོ་ཚོས་དེ་འདྲའི་དོ་སྣང་བྱེད་བཞིན་ཡོད་སྟབས། ཚང་མ་ལ་ངོས་ལ་བརྩེ་བ་བྱེད་མཁན་ཞིག་ཡིན་པ་ཡིན་ན། གཙོ་བོ་ངོས་ཀྱི་བསམ་བློ་གང་འདྲ་ཡོད་མེད་དེ་དག་གི་ཐོག་ལ་དོ་སྣང་བྱེད་ནས་ཁྱེད་རང་ཚོས་བརྩེ་བ་བྱེད་ས་མི་འདིའི་བསམ་བློ་གཏོང་སྟངས་འདི་ཁྱེད་རང་ཚོ་མི་རེ་ངོ་རེས་ཆ་ནས་གང་ཐུབ་ལག་བསྟར་ཐུབ་པ་བྱུང་ན་ངོས་རང་དངོས་གནས་དགའ་པོ་ཡོང་ས་རེད། འདི་གང་ཡིན་ཞེས་ན་དོན་ཚན་གསུམ་ཡོད། ཅེས་སོགས་ཀྱི་བཀའ་སློབ་རྩལ་རྗེས་སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ།།