
ཕྱོགས་མཚུངས་སྐུ་ཚབ་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧེ་རོལ་རོ་ཇར་སི་ Harold Rogers མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཏ་ལོ་ཝེ་ Nita Lowey མཆོག སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Betty Mc Collum མཆོག་བཅས་དང་མཇལ་འཕྲད་གནང་འདུག སྐབས་དེར་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཕྱི་ལོ་ ༢༠༡༧ ལོའི་བོད་དོན་རྒྱབ་སྐྱོར་གྱི་ལས་འཆར་ཁག་མུ་མཐུད་འགྲོ་ཐུབ་རྒྱུར་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་འདུག
སྤྱིར་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་ནང་གི་སྤྱི་དམངས་དང་མང་གཙོ་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་གྲོས་ཚོགས་གོང་འོག་གི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་སྔོན་རྩིས་གཏན་འབེབས་མ་བྱུང་བར་མུ་མཐུད་ཞུ་གཏུག་གནང་འཆར་ཡོད་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༢ ནང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere མཆོག་གིས་སྣེ་ཁྲིད་འོག་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་འཐུས་མི་བཅས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ལིན་སེ་གྷར་ཧམ་ Lindsay Grahams མཆོག་ལ་ཞུ་གཏུག་གནང་སྐབས། ཁོང་གིས་བོད་དོན་གྱི་ལས་འཆར་ཁག་ལ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
ཕྱི་ཚེས་ ༢༧ ཉིན་དེར་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere མཆོག་གིས་སྣེ་ཁྲིད་པའི་ཚོགས་ཆུང་གིས་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་དང་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག་པ་བཅས།།