ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ནས་ ༢༧ བར་ཉིན་གྲངས་དྲུག་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་དང་ཨ་རི་རོགས་ཚོགས་ཀྱིས་དཔལ་འབྱོར་མཐུན་འགྱུར་འོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་སོ་ནམ་གཞིས་ཆགས་ཁག་གི་སོ་ནམ་སློབ་སྟོན་པ་གྲངས་ ༡༣ དང་། དེ་བཞིན་ཞིང་པ་དོ་དབྱིངས་ཅན་ ༡༧ བཅས་ཁྱོན་མི་གྲངས་ ༣༠ ལ་སྐྱེད་ཚལ་ལོ་ཏོག་འདེབས་ལས་དང་ནད་འབུ་ཚོད་འཛིན་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་ཡོད།
དེ་ཡང་ཟབ་སྦྱོང་དབུ་འབྱེད་ཀྱིས་ཐོག་མར་ནང་སྲིད་སོ་ནམ་སྡེ་ཚན་གྱི་དྲུང་གཞོན་དོན་གྲུབ་ཚེ་རིང་ལགས་ཀྱིས་ཕེབས་བསུ་དང་འབྲེལ་ཐེངས་འདིའི་ཟབ་སྦྱོང་འདི་ཉིད་ཟབ་སྦྱོང་གཞན་དང་མི་འདྲ་བར་ཟབ་སྦྱོང་བ་རྣམས་ཀྱི་རེ་འདུན་དང་དགོས་མཁོ། ལྷག་པར་འབྲེལ་ཡོད་གཞིས་ཆགས་ཁག་གི་ནང་སོ་ནམ་འདེབས་ལས་སྐབས་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་སུ་ལས་འཆར་སྒྲིག་པ་ཞིག་ཡིན་སྐོར་དང་། ཟབ་སྦྱོང་འདི་ཉིད་སྡེ་ཚན་ཆེ་ཁག་བཞི་རུ་དབྱེ་ཡོད་པ་དེ་དག་ནི།
༡། ཨ་མྲ་དང་། བལ་པོའི་སེའུ། ཅི་ཀུ། སྐྱུར་འབྲས་སོགས་སྐྱེད་ཚལ་ལོ་ཏོག་རིགས་ས་བཅུད་མི་ཉམས་པའི་ཐོག་ནས་བསྡུ་ཐབས།
༢། སྔོ་ཚལ་རིགས་འཕེལ་རྒྱས་གཏོང་ཐབས་སྐོར།
༣། ལོ་ཏོག་རིགས་ཁྲོམ་རར་ཚོང་འགྲེམས་སླད་སྐྱེད་ཚལ་གསར་འཛུགས་བྱེད་ཕྱོགས་སྐོར།
༤། སྔོ་ཚལ་འདེབས་ལས་ཀྱི་དུས་ཡུན་མིན་པའི་སྐབས་ poly house དང་ net house བེད་སྤྱོད་བྱས་ཏེ་ཞིང་ལས་འདེབས་ཕྱོགས་སྐོར་བཅས་ཡིན།
སྤྱིར་ཉིན་གྲངས་བཞིའི་རིང་ཟབ་སྦྱོང་སྐབས་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་མངའ་སྡེའི་ཨ་མྲ་འདེབས་ལས་ཚོགས་པའི་དྲུང་ཆེ་འབུམ་རམས་པ་པྲ་སྦུ་རམ་རཇ་གྷོ་པལ་ལགས་ཀྱིས་གཙོས་ཟབ་ཁྲིད་པ་གཞན་བཞི་ཡིས་ཟབ་ཁྲིད་གནང་ཡོད་པ་མ་ཟད། ཟབ་ཁྲིད་གནང་བའི་བརྗོད་གཞིའི་ཐོག་དངོས་སུ་གོ་རྟོགས་སྔར་ལྷག་ཡོང་སླད་ཉིན་གྲངས་གཉིས་རིང་ཟབ་སྦྱོང་བ་རྣམས་ཅམ་རང་ན་སྒར་ Chamraj Nagar དང་། ཀོ་ཡིམ་བྷ་ཊོར། Coimbatore ཏ་མིལ་ན་དུ་ཞིང་ལས་ Tamil Nadu Agriculture University གཙུག་ལག་སློབ་གཉེར་ཁང་བཅས་སུ་ལྟ་སྐོར་དུ་ཁྲིད་ཡོད། སྐབས་དེར་འབྲེལ་ཡོད་ཁྱད་མཁས་མི་སྣས་དཔེ་མཚོན་དང་ལྷན་ངོ་སྤྲོད་ཞིབ་ཕྲ་དང་ཟབ་སྦྱོང་བ་རྣམས་ཀྱིས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། ཟབ་སྦྱོང་མཇུག་སྒྲིལ་བའི་ཉིན་དེར་ཏ་མིལ་ན་དུ་ཞིང་ལས་གཙུག་ལག་སློབ་གཉེར་ཁང་དུ་འདུ་འཛོམས་ཀྱིས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་ཡོད།
མཐར་དོན་གྲུབ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་བ་རྣམས་ཀྱི་ཚབ་བྱས་ཏེ་ཟབ་ཁྲིད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་ཟབ་སྦྱོང་བ་རྣམས་ནས་ཉིན་གྲངས་དྲུག་རིང་ཟབ་ཁྲིད་གནང་བ་དེ་དག་དངོས་སུ་ལག་བསྟར་གནང་སྟེ་ཕུགས་འགྱངས་རིང་པོའི་རིང་གྲུབ་འབྲས་གང་ལེགས་ཡོང་བ་དང་སོ་ནམ་འདེབས་ལས་ཡུན་གནས་ཐུབ་པ་དགོས་རྒྱུའི་རེ་སྐུལ་ཞུས་གནང་ཡོད།།