ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྲི་ཞུ་བའི་ལས་བྱེད་རྣམས་ཀྱི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཆེད་ལས་བྱེད་ནང་ཁུལ་སིལ་སྤོལ་འགྲན་བསྡུར་ཞིག་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་མཐའ་མའི་འགྲན་བསྡུར་དང་འབྲེལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་ཁ་ཐོབ་པའི་རུ་ཁག་རྣམས་ལ་བྱ་དགའ་གནང་སྟེ་མཇུག་སྒྲིལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་རྣམ་པ། གཟིགས་མོར་ཕེབས་པའི་སེར་སྐྱ་མང་ཚོགས་བཅས་མི་གྲངས་བརྒྱ་ཕྲག་མང་པོ་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་འདུ་འཛོམས་བྱུང་ཡོད།
ཐོག་མར་དཔལ་འབྱོར་ལས་ཁུངས་ཀྱི་བུ་མོའི་རུ་ཁག་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་བུ་མོའི་རུ་ཁག་དབར་རྩེད་འགྲན་གནང་སྟེ་དཔལ་འབྱོར་ལས་ཁུངས་ཀྱི་རུ་ཁག་ལ་ཨང་ ༨ དང་དྲིལ་བསྒྲགས་རུ་ཁག་ལ་ཨང་ ༤ ཐོབ་ཡོད་སྟབས། དཔལ་འབྱོར་ལས་ཁུངས་ཀྱི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། བུའི་རུ་ཁག་ནས་དཔལ་འབྱོར་ལས་ཁུངས་རུ་ཁག་ལ་ཨང་ ༥༠ དང་རྩིས་ཞིབ་ལས་ཁུངས་རུ་ཁག་ལ་ཨང་ ༣༡ ཐོབ་སྟེ་དཔལ་འབྱོར་ལས་ཁུངས་ཀྱི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།
རྩེད་འགྲན་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལེགས་གསོའི་བྱ་དགའ་གནང་སྟེ་་གསུང་བཤད་གནང་དོན། དེ་སྔ་སིལ་སྤོལ་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོ་སྐབས་ལས་དོན་གལ་ཆེ་རྐྱེན་པས་ཡོང་ཐུབ་མེད་ཀྱང་། ད་རེས་མཇུག་སྡོམ་སྐབས་ཡོང་ཐུབ་པ་དགའ་པོ་བྱུང་། དེ་རིང་གི་རྩེད་འགྲན་འདི་ནི་དམིགས་བསལ་སྲི་ཞུའི་ལས་བྱེད་རྣམས་ཀྱི་འཕྲོད་བསྟེན་དང་མཐུན་སྒྲིལ་གོང་འཕེལ་གཏོང་ཆེད་ཡིན་ལ། དེར་དམིགས་འཕྲོད་བསྟེན་ལས་ཁུངས་དང་དེ་འབྲེལ་གོ་སྒྲིག་གནང་མཁན་ཚང་མ་ལ་ངས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། རྩེད་མོ་གང་འདྲ་ཞིག་ཡིན་རུང་རྒྱལ་ཕམ་གྱི་ཐག་གཅོད་ཅིག་ཡོང་གི་ཡོད།
འོན་ཀྱང་གཙོ་བོ་ཁྱེད་ཚོ་ཕན་ཚུན་མཐུན་ལམ་དང་འབྲེལ་བ་བཟང་དུ་གཏོང་ཆེད་ཡིན་སྟབས། ཕམ་མཁན་རུ་ཁག་ནས་ཕམ་སེམས་བྱེད་རྒྱུ་མེད། དེ་རིང་གི་འགྲན་བསྡུར་སྐབས་དམིགས་བསལ་འགྲན་བསྡུར་གྱི་རྣམ་པ་ཉུང་བ་དང་མཐུན་ལམ་གྱི་རྣམ་པ་མང་བ་མཐོང་བ་ཧ་ཅང་དགའ་པོ་བྱུང་། ད་ལན་གོ་སྒྲིག་ཚོགས་ཆུང་ནས་སྔོན་འགོག་དང་འབྲེལ་བའི་ཐོག་ནས་ལས་གཞི་འདིའི་རིགས་གོ་སྒྲིག་ཧ་ཅང་ཡག་པོ་བྱུང་འདུག་པ་མ་ཟད། མ་འོངས་པ་ཡང་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།