ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༥ ཐོག་ལ་ཨ་རི་དང་། ཨིན་ཡུལ། ཇར་མ་ནི་སོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་སྤྱི་དང་། ལྷག་པར་བོད་དང་ཤིན་ཅང་གཉིས་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་གླེང་སློང་ཤུགས་ཆེ་གནང་འདུག
ལྷན་ཚོགས་སུ་ཨ་རིའི་འཐུས་མི་ཡིས་རྒྱ་ནག་ནང་ཁྲིམས་རྩོད་པ་དང་ལས་འགུལ་མཉམ་ཞུགས་པ་རྣམས་གང་བྱུང་འཇུ་བཟུང་གིས་སྡུག་རྩུབ་མནར་གཅོད་གཏོང་བཞིན་པ་མ་ཟད། སྲིད་གཞུང་གི་བརྒྱུད་ལམ་སྟེང་ཆབ་སྲིད་ཉེས་ཁག་དཀྲིད་པ་དེ་ཚོ་བཙན་དབང་གིས་ངོས་ལེན་བྱེད་བཅུག་པ་དང་། དེ་བཞིན་བོད་ཀྱི་ས་ཁུལ་འགའ་ཤས་དང་ཤིན་ཅང་བཅས་སུ་དྲག་པོའི་ཁྲིམས་གཞི་དང་འདྲ་བའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་ཡོད་ཅེས་གསུངས་འདུག
གཞན་ཡང་ཇར་མ་ནིའི་འཐུས་མི་ཡིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་བོད་རིགས་བཀྲིས་དབང་ཕྱུག་སོགས་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་ཅེས་གསུངས་པ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་དང་ཆེད་ལས་མི་སྣ་རྣམས་བོད་ནང་ཡོང་བཅུག་དགོས་པའི་འབོད་སྐུལ་ཡང་གནང་འདུག དེ་དང་ཆབས་ཅིག་རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་བློ་ཚབ་ཤུགས་ཆེ་འདོན་འདུག
ཨིན་ཡུལ་འཐུས་མིའི་ངོས་ནས་ཀྱང་བོད་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྒྱ་ནག་གཞུང་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་བློ་ཚབ་ཡང་འདོན་འདུག
སུད་སིའི་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ Society for Threatened People ཞེས་འཇིགས་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པའི་སྐུ་ཚབ་ངོ་བོའི་ཐོག་ནས་རྒྱལ་ཚོགས་ཀྱི་ལྷན་ཚོགས་དེའི་ཐོག་ལ་བོད་ནང་གི་བོད་མིའི་དཀའ་སྡུག་སྐོར་གླེང་གནང་བ་མ་ཟད། རྒྱ་ནག་གཞུང་ལ་བོད་ནང་གི་ཛ་དྲག་གནས་སྟངས་བྱུང་རྐྱེན་ཇི་ཡིན་རྟོག་ཞིབ་བྱེད་ནས་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ཞུས་འདུག ཕྱོགས་མཚུངས་ལྷན་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་ངག་ཐོག་ཙམ་མིན་པར་ཡིག་ཐོག་ལམ་ནས་ཞིབ་ཕྲ་འགོད་འབུལ་ཡང་ཞུས་ཡོད།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་སོ་ལྔ་པ་འགྲོ་བཞིན་པ་དང་བསྟུན་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གོ་སྒྲིག་འོག་ཟུར་དུ་ཚོགས་འདུ་སྐོང་ཚོགས་གནང་སྟེ། བོད་དང་པེ་ལི་སི་ཌ་ཡིན་ Palestine གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་བགྲོ་གླེང་ལས་རིམ་ཞིག་ཀྱང་གནང་ཡོད། ལས་རིམ་དེའི་ཐོག་ཡུ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་སྲིས་བྱུས་འོག་ད་ལྟ་བོད་ནང་གནས་སྟངས་ཇི་ཆགས་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་ངལ་སེལ་བའི་ཐབས་ལམ་བཟང་ཤོས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་ཡོད།