༢༠༡༧ ཟླ་ ༦ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༦ ནས་ ༡༧ བར་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཨིན་ཌོ་ར་ཞེས་པའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་པྲཱ་ཏབ་སློབ་གྲྭར Partap World School སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་ལམ་འཕེལ་རྒྱས་འགྲོ་ཚུལ་སྐོར་པར་རིས་འགྲེམས་སྟོན་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༦ ཉིན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་སློབ་གྲྭའི་སློབ་སྤྱི་སུར་ཇིཏ་མ་ཧཱ་ཇན་ Surjit Mahajan ལགས་དང་། སློབ་གྲྭའི་དྲུང་ཆེ་ལྦི་ཤཱལ་མ་ཧཱ་ཇན་ Vishal Mahajan ལགས། སློབ་གྲྭའི་ཟུང་སྦྲེལ་དྲུང་ཆེ་ས་ནི་མ་ཧཱ་ཇན་ Sunny Mahajan ལགས། སློབ་གྲྭའི་དགེ་ཆེ་རི་ནུ་པར་མར་ Renu Parmar ལགས། དེ་བཞིན་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་བཅས་ཚང་འཛོམས་ཀྱིས་ཐོག་མར་སློབ་སྤྱིས་དར་མཚོན་གཅོད་འབྲེག་དང་འབྲེལ་འགྲེམས་སྟོན་དབུ་འབྱེད་གནང་རྗེས་སྐུ་མགྲོན་རྣམས་ནས་སྣང་གསལ་ཞལ་ཕྱེ་གནང་ཡོད།
སྐབས་དེར་ཁོང་གིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པར་འགྲེམས་སྟོན་སླད་རེ་འདུན་ཞུས་པ་ལྟར་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འགྲེམས་སྟོན་ནང་དོན་ལ་མཚོན་ན་ཀུན་གྱིས་ཤེས་རྟོགས་དགོས་པའི་གནས་ཚུལ་ཧ་ཅང་མང་པོ་ཡོད། ལྷག་པར་སློབ་ཕྲུག་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་བཀའ་སློབ། དེ་བཞིན་འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་སྔར་ལྷག་གཏིང་ཟབ་ཤེས་རྟོགས་ཐུབ་རྒྱུ་ཡིན་འདུག ཅེས་གསུང་བཤད་གནང་།
དེ་རྗེས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་སྐབས་སློབ་གྲྭ་དང་སློབ་གྲྭའི་སློབ་སྤྱི་སུར་ཇིཏ་མ་ཧཱ་ཇན་ལགས་ལ་བོད་དོན་ཐོག་དོ་སྣང་དང་འགྲེམས་སྟོན་སླད་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འགྲེམས་སྟོན་གྱི་ངོ་བོ་དང་དམིགས་ཡུལ་སོགས་ངོ་སྤྲོད་གནང་། སྐབས་དེར་འཛིན་གྲྭ་བཅུ་པ་བར་གྱི་སློབ་ཕྲུག་རྣམས་སོ་སོའི་དགེ་རྒན་གྱིས་སྣེ་འཁྲིད་དེ་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད།
ཉིན་རྒྱབ་ཏུ་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་གྱིས་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་ལོ་རྒྱུས་སྐོར་ངོ་སྤྲོད་དང་། རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ་རྫུན་གཏམ་འཁྱོག་བཤད་བྱེད་བཞིན་པ་དེར་གསལ་བཤད་མཐིལ་ཕྱིན་པ་གནང་།
ཕྱི་ཚེས་ ༡༧ ཉིན་དགེ་རྒན་ཕ་མའི་ཚོགས་འདུ་དང་བསྟུན་སློབ་ཕྲུག་ཚོའི་ཕ་མ་ ༨༠༠ ཙམ་གྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད། སྤྱིར་ཉིན་གྲངས་གཉིས་ཀྱི་འགྲེམས་སྟོན་དེ་བཞིན་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་འགྲེམས་སྟོན་ཚན་པའི་ལས་བྱེད་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཏེ་མཇུག་སྒྲིལ།
ཐེངས་འདིའི་འགྲེམས་སྟོན་སྐབས་རྒྱ་གར་གྱི་ཚགས་ཤོག་གྲགས་ཅན་དེ་ནིག་ཇར་གྷན་ Dainik Jagran, ཨ་མར་ཨུ་ཅ་ཇ་ལ་ Amar Ujala པན་ཇཱབ་ཀེ་སི་རི་ Punjab Kesari དེ་བཞིན་དེ་ནིག་བྷ་སི་ཀར Dainik Bhaskar བཅས་ཀྱི་ནང་གནས་ཚུལ་ཐོན་ཡོད་པ་བཅས།།