ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༧ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྩེད་ཐང་སྟེང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བཙན་བྱོལ་བོད་ཀྱི་བུད་མེད་རྐང་སྤོལ་འགྲན་བསྡུར་ཐེངས་གཉིས་པའི་ཉིན་མཐའ་མའི་མཇུག་སྡོམ་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་གྱི་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སོགས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་སྐུ་མགྲོན་གྱི་གཙོ་བོར་སྡིངས་ཆའི་སྟེང་ཕེབས་བསུ་ཞུས།
ཐེངས་འདིར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡིན་པ་དང་། གཞན་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་བློ་བཟང་ཆོས་འབྱོར་ལགས་དང་། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་སོགས་ཕེབས་འདུག
མཛད་སྒོའི་ཐོག་མར་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་རུ་ཁག་དང་། བུད་མེད་སྤྱི་ཡོངས་རུ་ཁག་དབར་རྐང་རྩེ་སྤོ་ལོ་འགྲན་བསྡུར་བྱས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་འདེམས་སྒྲུག་བྱུང་བ་རྣམས་དང་། བུད་མེད་རྐང་སྤོལ་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཕྱག་བཏང་སྟེ་ཁ་བཏགས་གཡོགས་པ་དང་འདྲ་པར་མཉམ་དུ་བརྒྱབ་ཡོད་པ་བཅས།།