ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༩ རེས་གཟའ་པ་སངས།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་རིག་གཞུང་ཚོགས་པ་ཁག་ཏུ་གནས་སྟངས་གཟིགས་ཞིབ་ཀྱི་ལས་འཆར་བཞིན་ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་ཀུ་ལུ་མ་ནཱ་ལི་ཁུལ་དང་། ཅོན་ཏ་ར། སྦིར་བཅས་ཁུལ་གྱི་དགོན་སྡེ་ཁག་ཏུ་འཚམས་གཟིགས་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༨ ཉིན་གྱི་དགོང་དྲོ་རྡ་སར་ཕྱིར་ཕེབས་གནང་ཡོད།
དེ་ཡང་བཀའ་བློན་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ནས་ ༦ བར་ཀུ་ལུ་མ་ནཱ་ལི་ཁུལ་གྱི་དགོན་སྡེ་ཁག་ཏུ་འཚམས་གཟིགས་གནང་བ་དང་། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་མ་ནཱ་ལི་ནས་ཅོན་ཏ་ར་ཕེབས་ཐོན་གྱིས་ཉིན་རྒྱབ་དེ་གའི་ཁུལ་ཏུ་ཡོད་པའི་དགོན་སྡེ་ཁག་ཏུ་འཚམས་གཟིགས་གནང་། ཕྱི་ཚེས་ ༨ ཉིན་སྦིར་སྡེ་དགེ་དང། སྦིར་བོད་ཚོགས་ཁུལ་དུ་ཡོད་པའི་དགོན་སྡེ་ཁག་ཏུ་འཚམས་གཟིགས་བཅས་གནང་།
ཆོས་རིག་བཀའ་བློན་མཆོག་དགོན་སྡེ་ཁག་ཏུ་འཚམས་གཟིགས་སྐབས་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་མཛད་རིམ་རིམ་སྒྲིག་དང་ཕེབས་བསུ་སྣེ་ལེན་། དེ་བཞིན་དགོན་སྡེ་ཁག་ནས་ཀྱང་ཕེབས་བསུ་སྣེ་ལེན་གང་ཟབ་ཞུས་ཡོད་པ་བཅས།།