༢༠༡༧ ཟླ་ ༦ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༢ ཉིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷར་ནེ་ཊི་ Garnett Genuis མཆོག་གིས་ཡུལ་དེའི་གྲོས་ཚོགས་ Canadian Parliament སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་གནང་དགོས་པ་མ་ཟད། འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེར་སེམས་འཚབ་ཤུགས་ཆེ་དང་སྦྲགས་འཕྲལ་མར་གཏོར་བཤིག་གི་ལས་འགུལ་མཚམས་འཇོག་དགོས་པ་མ་ཟད། བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ལྷག་པར་ཁོང་གིས་ད་ལྟའི་ཁེ་ན་ཌའི་སྲིད་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་བརྒྱུད་བོད་ཀྱི་ལོ་རྒྱུས་ལ་དྲང་བདེན་གྱི་རྒྱབ་སྐྱོར་གནང་དགོས་པའང་གསུངས།
དེ་ཡང་རྒྱལ་ས་ཨོ་ཊ་བར་ཆགས་པའི་གྲོས་ཚོགས་ལས་རིམ་འགྲོ་བཞིན་པའི་དུས་སྐབས་དང་བསྟུན་གྲོས་ཚོགས་འོག་མའི་ནང་ཁོང་གིས་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་ཐད་གསུང་དོན། སྔ་ལོ་ནས་བཟུང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནང་གཏོར་བཤིག་ཚབས་ཆེ་གཏོང་འགོ་བཙུགས་ཡོད། དེའི་དམིགས་ཡུལ་ནི་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་སློབ་གཉེར་གྱི་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་གྱི་དགེ་འདུན་ཞལ་གྲངས་ཕྱེད་ཀ་ཏག་ཏག་ཉུང་འཕྲི་གཏོང་ཆེད་དམིགས་པ་ཞིག་ཡིན་སྟབས་དགེ་འདུན་ཞལ་གྲངས་ ༥༠༠༠ ལྷག་དགོན་པ་ནས་རང་ཡུལ་དུ་བཙན་དབང་འོག་ཕྱིར་སློག་བཏང་བ་མ་ཟད། ཁོང་རྣམས་ལ་སླར་གསེར་རྟ་བླ་རུང་སྒར་དུ་ཕྱིར་ལོག་བྱ་རྒྱུ་མིན་པའི་གྱན་རྒྱའི་ཡིག་ཆའི་ཐོག་བཙན་དབང་འོག་མིང་རྟགས་འགོད་བཅུག་ཡོད།
དེ་སྔ་རང་དབང་ཁང་པས་ཕྱི་ལོ་ ༢༠༡༦ ལོར་སྙན་ཐོ་བཏོན་པ་ལྟར་ན་བོད་དེ་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་གཉིས་པ་ཡིན་པ་དང་། བོད་ཀྱི་རྗེས་ལ་སི་རི་ཡ་ Syria ཡུལ་དེ་གནས་སྟངས་སྡུག་ཤོས་ཡིན་པ་གསལ་ཡོད། ཕྱོགས་མཚུངས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་སྙན་ཐོའི་ནང་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྐོར་གསུངས། གཞན་ཡང་སྐབས་དེར་ཁོང་གིས་ཡུ་རོབ་གྲོས་ཚོགས་སུ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་ཐད་ཡུ་རོབ་གྲོས་ཚོགས་ནང་ཛ་དྲག་གི་གྲོས་ཆོད་བཞག་པ་བརྒྱུད་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་དང་གཏོང་བཞིན་པའི་བྱེད་བབ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ལྷན། ༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཞུ་དགོས་པའི་རེ་འདུན་བཏོན་པ་རྣམས་ལུང་འདྲེན་གནང་འདུག
གཞན་ཡང་ཁོང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཁས་ལས་མི་སྣ་དྲུག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ འཚོགས་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་ལ་རེ་འདུན་བཏོན་པ་དང་། བཞུགས་སྒར་རྡ་རམ་ས་ལར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་འཐུས་མི་རྣམས་ཕེབས་ནས་༸གོང་ས་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ནང་འཚམས་གཟིགས་གནང་བའི་སྐོར་ལུང་འདྲེན་གནང་དོན། ཁེ་ན་ཌའི་གཞུང་ནས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་རྒྱའི་གནས་སྟངས་ཐད་འཛིན་བཞིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་བ་བརྒྱུད་ལོ་རྒྱུས་ཀྱི་ཚངས་ཐིག་ལས་འགལ་མི་རུང་བའི་འབོད་སྐུལ་གནང་འདུག
དེ་ཡང་ཁོང་གིས། སྤྱིར་ཁེ་ན་ཌའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་བོད་མིའི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་རེ་འདུན་ཡང་ཡང་བཏོན་ཟིན། འོན་ཀྱང་ཐེངས་འདིར་ཁེ་ན་ཌའི་སྲིད་གཞུང་གིས་ཏོག་ཙམ་བློ་ཁོག་ཆེ་རུ་བཏང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་དགོས། སྲིད་བྱུས་དེའི་རྒྱ་ནག་གི་རྩ་ཁྲིམས་འོག་བོད་མི་རྣམས་ལ་དོན་དམ་གྱི་རང་སྐྱོང་གནས་བབ་ཐོབ་ཐབས་བྱེད་བཞིན་ཡོད། ཅེས་གསུངས། །