ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་ཁག་རེ་ཞིག་མཇུག་སྒྲིལ་ཡོད།
དེ་ཡང་ཕྱི་ཚེས་ ༧ སྟེ་ཆོས་འགྲེལ་ཉིན་མཐའ་མའི་སྔ་དྲོ་ཆུ་ཚོད་༨།༣༠ ཙམ་ལ་༧རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཚོས་རྟགས་གསལ་གཟིགས་འབུལ་ཞུས། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་གཞུང་དངོས་གཞི་བྱང་ཆུབ་སེམས་འགྲེལ་གྱི་མགོར་ལྟ་གྲུབ་ཀྱི་སྐོར་ཡོད། རྗེས་ལ་སེམས་བསྐྱེད་ཡོད། དེ་རིང་སེམས་བསྐྱེད་ཅིག་འདོན་དགོས་དྲན་བྱུང་། དེ་རིང་རྟགས་གསལ་དེ་ཡང་སེམས་བསྐྱེད་ཀྱི་སྐོར་བཏང་བས་རྟེན་འབྲེལ་ཧ་ཅང་ཡག་པོ་བྱུང་། ཐུགས་རྗེ་ཆེ།
སྔོན་ལ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་མཉམ་དུ་འདོན་འདོད་བྱུང་། ཞེས་བཀའ་སློབ་སྩལ་ཏེ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་གསུང་འདོན་གནང་གྲུབ་མཚམས་བཀའ་སློབ་སྩལ་དོན། བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་ཁ་སང་རོབ་ཙམ་ཞུས་ཟིན་པ་རེད། སངས་རྒྱས་པའི་ཆོས་ཀྱི་རྒྱབ་རྟེན་དེ་ལྟ་གྲུབ་ཆགས་ཡོད། དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚང་མའི་རྒྱབ་རྟེན་དེ་འཇིག་རྟེན་བཀོད་པ་པོ་ལ་རྩེ་གཅིག་ཏུ་ཡིད་ཆེས་དང་དད་པ་བྱས་ནས་ཡོང་གི་ཡོད། རྒྱ་གར་གྱི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་དག་གིས་ལས་རྒྱུ་འབྲས་ཀྱི་ལྟ་གྲུབ་ཐོག་ནས་སྡིག་སྤོང་དགེ་སྒྲུབ་བཤད་ཀྱི་ཡོད། བྱང་ཆུབ་སེམས་འགྲེལ་ནི་ཕྱོགས་གཅིག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རེད། གཞུང་འདི་ཧ་ཅང་རྒྱ་ཆེན་པོ་རེད་འདུག མདོ་སྔགས་ཚང་མའི་གནད་བསྡུས་ཡོད་པ་ཞིག་རེད། དེར་བརྟེན་ད་ལོའི་སློབ་ཕྲུག་ཚོར་ཆོས་འབྲེལ་བྱེད་རྒྱུའི་ཡིག་ཆ་འདི་བྱང་ཆུབ་སེམས་འགྲེལ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཉིན་རེའི་ཉམས་ལེན་བྱེད་སྟངས་ཀྱི་སྐོར་དེ་དག་བོད་གངས་ཅན་ལྗོངས་ཀྱི་དེའི་ཚེ་དེའི་དུས་ཡོངས་གྲགས་བྱང་ཆུབ་སེམས་དཔའ་ངོས་འཛིན་པའི་རྒྱལ་སྲས་ཐོགས་མེད་བཟང་པོའི་གཟུངས་ཆོས་འགྲེལ་བྱེད་རྒྱུ་ཡིན།
མ་གཞི་ཁ་སང་དང་ཁ་ཉིན་བཀའ་མོལ་མང་པོ་བྱུང་ཟིན་པ་རེད། སངས་རྒྱས་པའི་ཆོས་ལག་ཏུ་བླང་པའི་སྐབས་སུ་འགྲོ་སྟངས་དེ་དབུ་མ་བཞི་བརྒྱ་བའི་ནང་དུ། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན།། ཞེས་པ་འདི་ནི་ཆོས་ཉམས་ལེན་ལ་སྡོམ་བརྒྱག་རྒྱུ་འདིའི་ཐོག་ནས་སྡོམ་བསྐྱོན་འདུག མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་མངོན་མཐོ་སྒྲུབ་པའི་ཆོས་དང་ངེས་ལེགས་སྒྲུབ་པའི་ཆོས་ཞེས་གཉིས་གསུངས་ཡོད། མངོན་མཐོ་སྒྲུབ་པའི་ཆོས་ནི་མི་དགེ་བཅུ་སྤོང་བ་དང་། དེའི་ཐོག་མངོན་ཐོའི་ལུས་རྟེན་དམིགས་བསལ་བཟང་པོ་ཞིག་སྒྲུབ་སླད་ཆོས་དྲུག་བྱས་ཏེ་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་གསུངས་ཡོད། མི་དགེ་བཅུ་ང་ཚོ་ཚང་མས་ཤེས་གསལ་རེད། དེ་ནས་ཆང་མི་འཐུང་བ་གཅིག་གསུངས་ཡོད། འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གལ་ཆེན་པོར་གསུངས་འདུག
དཔེར་ན། དགོང་བཅད་བྱེད་རྒྱུ་དེ་དག་ནད་པ་ལ་དམིགས་བསལ་གསུང་གི་ཡོད། ནད་པར་དམིགས་བསལ་གནང་པ་མང་པོ་ཡོད་ཀྱང་། ཆང་ལ་གནང་བ་མེད། ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཆང་རྩྭ་ཡི་རྩེ་མོའི་ཟིལ་པ་ཙམ་ཡང་མ་འཐུང་མི་ཆོག་ཅེས་གསུངས་འདུག དེ་ལྟར་གསུངས་དགོས་པའི་རྒྱུ་མཚན་ནི་ཆོས་ཉམས་ལེན་བྱེད་པ་ནི་བསམ་བློ་ལ་འགྱུར་བ་བཏང་ནས་འགྲོ་དགོས་པ་རེད། བསམ་བློར་འགྱུར་བ་གཏོང་བར་རིག་པ་གསལ་པོ་བྱས་ཏེ་བསམ་བློ་གཏོང་དགོས་རེད་མ་གཏོགས་ཆང་གིས་མྱོས་ནས་བསྡད་ན། སྤྱིར་འཇིག་རྟེན་མི་ཆོས་ལའང་གང་འཚམས་ནས་བརྩི་འཇོག་མེད་པ་ཆགས་ཡོང་གི་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ལ་བསམ་བློ་གཏོང་བར་ཆང་གིས་ར་བཟི་ནས་བསྡད་ཚེ་ཡོང་ཐབས་མེད་སྟབས། ཆང་མི་འཐུང་བ། ལོག་འཚོ་མི་བྱེད་པ། འཚེ་བ་མི་བྱེད་པ་བཅས་རེད། མ་གཞི་མི་དགེ་བཅུ་སྤོང་གི་ནང་དུ་སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་གཡེམ་སོགས་འཚེ་བ་ཆགས་ཀྱི་ཡོད། སྐབས་འདིར་འཚེ་བ་མི་བྱེད་པའི་དོན་ནི། གཞན་ལ་གཡོ་སྒྱུ་རིགས་འཁྲབ་ནས་རང་གི་ཁེ་ཕན་ཆུང་ངུའི་དོན་དུ་གཞན་ལ་གནོད་པའི་རིགས་བྱེད་རྒྱུ་དེ་དག་སྐབས་འདིར་གསུང་པའི་འཚེ་བ་ནི་དི་ལྟར་རེད་འདུགཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བསྟན་བཅོས་ཀྱི་མཚན་བྱང་དང་། འགྱུར་ཕྱག་སོགས་བཀའ་ཆོས་དང་བཤད་ལུང་སྩལ།
དེ་ནས་སེམས་བསྐྱེད་ཀྱི་ཆོས་འབྲེལ་དབུ་འཛུགས་ཀྱིས་སྔོན་འགྲོའི་བཀའ་སློབ་སྩལ་དོན། སེམས་བསྐྱེད་བྱེད་པ་ལ་མདུན་ན་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་སྟོབས་བཅུ་མངའ་བ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ང་རང་ཚོས་མགྲིན་པ་གཟེངས་སུ་བསྟོད་ནས་བཤད་རྒྱུ་ཡོད་པ་འདི་ཐོག་མར་སྟོན་པས་གསུངས་ཤིང་། བར་དུ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་པཎ་གྲུབ་བཅུ་བདུན་གྱིས་གཏན་ལ་ཕབ། མཁན་ཆེན་ཞི་བ་འཚོས་བོད་དུ་བསྣམས་ཕེབས་ནས་བོད་པར་བསྟན་པ་དང་། བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བདག་པོ་བསྐྱོན་ནས་དུས་ད་ལྟ་བར་གནས་པ་རེད། འདི་ཕལ་ཆེར་འཛམ་གླིང་གི་གཅེས་ནོར་རེད་ཅེས་བརྗོད་ཀྱང་བརྗོད་ཐུབ་པ་ཞིག་འདུག ཕལ་ཆེར་ངོས་ཀྱིས་འདི་ལྟར་བརྗོད་ཆོག་པ་ཞིག་རེད། ངོས་ཀྱི་མི་ཐོག་ལོ་ངོ་བརྒྱད་ཅུ་གྱ་གྲངས་ལོན་པ་རྣམས་ཀྱིས་དུས་ད་ལྟ་བར་དུ་ཉར་བ་རེད།
ང་ཚོའི་མི་ཐོག་རྫོགས་ལ་ཉེ་བས་མི་ཐོག་རྗེས་མ་ཁྱེད་རང་ཚོ་རེད། སྐད་ཆ་དམར་པོར་བཤད་ན། མ་འོངས་པར་ཁྱེད་རང་ཚོ་ལོ་ན་བཅོ་ལྔ་ཉི་ཤུ་དང་། སུམ་ཅུ་ཙམ་གྱི་མཚམས་སུ་སླེབས་སྐབས་ང་ཚོ་ཕལ་ཆེར་མེད་པ་ཆགས་འགྲོ་ངེས་རེད། འཆི་འགྲོ་གི་རེད། དེ་དུས་ཁྱེད་རང་ཚོས་སྔར་བགྲེས་སོང་རྣམས་ཀྱིས་འདི་ལྟར་གསུངས་ཀྱི་ཡོད་ཅེས་སེམས་སུ་ངེས་པ་བྱེད་དགོས། བགྲེས་སོང་རྣམས་ཀྱིས་ལམ་བསྟན་པ་ལྟར་ང་ཚོས་ཉམས་ལེན་བྱས་ཏེ་ཁེ་ཕན་འདི་བྱུང་ཞེས་ཁྱེད་རང་ཚོའི་རྗེས་སུ་ཡོང་མཁན་གྱི་མི་རབས་རྗེས་མ་དང་། དེའི་རྗེས་མ་རྣམས་ལ་བརྒྱུད་སྤྲོད་བྱེད་དགོས།
ངོས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་འདི་ལྟར་བརྗོད་རྒྱུ་བྱུང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱས་ཏེ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་ལོ་ངོ་བརྒྱ་ཕྲག་འགའ་ཞིག་གནས་ཀྱི་རེད། དབང་རྟུལ་དད་པའི་རྗེས་འབྲང་བྱས་ཏེ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་ལོ་ཇི་ཙམ་གནས་མིན་ངོས་ཀྱིས་བརྗོད་མི་ཐུབ་ཅེས་ཡོངས་གྲགས་བཤད་པ་ཡིན། ཡང་དེ་བཞིན་ངོས་ཀྱིས་འདི་ལྟ་བུ་ཞིག་ཀྱང་བཤད་པ་ཡིན། ངོས་རང་ལོ་ན་ཡར་རྒས་ཏེ་ཉི་མ་ལ་ཁའི་མཚམས་ཀྱི་མི་ལྟ་བུ་ཆགས་ཡོད། མཐོ་ན་ལོ་བཅོ་ལྔ་ཉི་ཤུ་ཙམ་ནས་འཆི་འགྲོ་གི་རེད། ལོ་བརྒྱ་ཙམ་བསྡད་ནའང་ལོ་བཅུ་བདུན་བཅོ་བརྒྱད་ཙམ་མ་གཏོགས་བསྡད་རྒྱུ་མེད་པར་དེ་རྗེས་འཆི་འགྲོ་གི་རེད། དེར་བརྟེན་ངོས་རང་འཆི་ཁར་བློ་བདེ་པོ་བྱས་ནས་འཆི་ཆོག་པ་ཞིག་བྱེད་དགོས། ཞེས་ངོས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་འདི་ལྟར་བརྗོད་རྒྱུ་བྱུང་།
ཁྱེད་རང་ཚོ་སློབ་གཉེར་བྱེད་མཁན་དེ་དག་གིས་སློབ་གཉེར་ཧུར་ཐག་འབད་ཐག་བྱས་པའི་ཐོག་ཉམས་ལེན་ཡག་པོ་བྱས་ཏེ་སངས་རྒྱས་པའི་ལུང་རྟོགས་ཀྱི་བསྟན་པ་མུ་མཐུད་ནས་འཛིན་མཁན་ཧྲག་པོ་ཞིག་ཡོད་སྙམ་པ་ཞིག་བྱུང་ན། ངོས་རང་འཆི་ཁར་བློ་བདེ་པོ་བྱས་ནས་འཆི་ཐུབ་ཀྱི་རེད། ད་གང་འདྲ་བྱེད་ཡོང་སྙམ་པའི་གནས་སྟངས་ཆགས་ན་སེམས་སྐྱོ་ནས་འཆི་དགོས་ཀྱི་རེད། མཁྱེན་སོང་ངམ། ཁྱེད་རང་ཚོས་ངོས་ལ་དགའ་པོ་ཡོད་ན་ངོས་རང་འཆི་བའི་སྐབས་བློ་བདེ་པོ་ཡོང་བ་ཞིག་ཁྱེད་རང་ཚོས་བྱེད་དགོས།
༸རྒྱལ་བ་རིན་པོ་ཆེས་རེ་འདུན་བྱས་པ་ལྟར་ངས་སྒྲུབ་ཀྱི་ཡོད། ད་ལྟ་བར་དུ་བསྒྲུབས་པ་ཡིན། མ་འོངས་པར་ཡང་སྒྲུབ་ཀྱི་ཡིན་སྙམ་པའི་སེམས་ཤུགས་བསྐྱེད་ནས་བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་དཔལ་ནཱ་ལེནྡྲའི་མཁས་པའི་མན་ངག་ཟེར་ན་མི་འདུག་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་འགྲེལ་བཤད་བསྐྱོན་པ་རྣམས་ང་ཚོ་བོད་པ་གཅིག་པུར་མ་གཏོགས་སུ་གཅིག་ལའང་མེད། དེ་དག་ཁྱེད་རང་ཚོས་མི་རབས་ནས་མི་རབས་བར་བདག་པོ་རྒྱག་ཐུབ་པ་ཞིག་བྱེད་དགོས། དེ་ལྟར་བྱོས་ཨང་།
དེ་ནས་མཇུག་ཏུ་སེམས་བསྐྱེད་ཡིན། ད་སྟོན་པ་ཐུབ་པའི་དབང་པོ་དངོས་གནས་ཡོད་ལ་བསམ་པ་བྱེད་དགོས། དེ་ནས་མཐའ་སྐོར་དུ་ཉེ་བའི་སྲས་ཆེན་བརྒྱད་དང་། ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ཡབ་སྲས་ལ་སོགས་པ་རྣམས་ཀྱང་ཡོད་བསམ་པ་བྱོས། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་ས་སྐྱ། བཀའ་བརྒྱུད། རྙིང་མ། དགེ་ལྡན། ཇོ་ནང་བཅས་ཚང་མའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཚང་མ་ཡོད་བསམ་པ་བྱོས། དེ་རིང་འདིར་ཆོས་ཞུ་མཁན་རྒྱ་རིགས་ཆོས་གྲོགས་གང་ཙམ་ཡོད་སྟབས། སྔོན་གྱི་རྒྱའི་ཐང་སན་བླ་མ་སོགས་བསྟན་པར་བྱ་བ་མཛད་མཁན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་ཡོད་དགོངས་པ་དང་། དེ་བཞིན་ཁྱེད་རང་ཚོ་ཕ་མེས་ནས་མར་སངས་རྒྱས་ཀྱི་བསྟན་པ་ཐོག་མར་རྒྱ་གར་ནས་བསྣམས་ཕེབས་པ་དང་་བར་དུ་དར་རྒྱས་སུ་གཏོང་བ་གནང་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུ་དེ་དག་ཀྱང་ཡོད་དགོངས་པ་བྱོས། ཕྱོགས་མཚུགས་དེ་རིང་འདིར་ཕ་རན་སི་ནས་གང་ཙམ་དང་དེ་སྔ་ནང་པའི་ཆོས་བརྒྱུད་དང་འབྲེལ་བ་གང་ཡང་མེད་ནའང་དུས་རབས་འདིའི་ནང་གཞི་ནས་རང་རང་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་སངས་རྒྱས་པའི་ལྟ་གྲུབ་ལ་ཡིད་དབང་འཕྲོག་ནས་སངས་རྒྱས་པའི་ཆོས་བྱེད་མཁན་གསར་པ་ཁ་ཤས་ཡོད། ཁྱེད་རང་ཚོའི་ཕ་ཕ་མེས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་པའི་བྱུང་རབས་བརྗོད་རྒྱུ་མེད་ནའང་། ཁྱེད་རང་ཚོ་ཕལ་ཆེ་བ་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འབྲང་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།