ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཝི་ཏི་ནམ་གྱི་་དགེ་འདུན་པ་ ༦༠ ཙམ་གྱིས་པཱ་ལའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་དང་རྡ་སྟེང་བོད་ཁྱིམ་གྱི་འཛིན་གྲྭ་དྲུག་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ནས་དབྱངས་གསལ་སྐོར་དང་བོད་ཁྱིམ་ལས་བྱེད་ཁག་གཅིག་གིས་ཚན་རིག་ལས་སྐྱེས་ལྡན་གྱི་ཐོག་ལ་རྟགས་གསལ་གཟིགས་འབུལ་ཞུས་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་གིས་བོད་ཁྱིམ་སློབ་གྲྭ་ཁག་ལྔ་སོགས་ནས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༡༤༧༧ དང༌། རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ ༧༠ ནས་ཁྱོན་སློབ་མ་གྲངས་ ༥༢༨ དང་ཕྱི་རྒྱལ་མཐོ་སློབ་ཁག་ ༢ ནས་སློབ་མ་གྲངས་ ༥ སོགས་ཁྱོན་ན་གཞོན་ ༢༨༠༠ ཙམ་དང་། དེ་བཞིན་སེར་སྐྱ་མི་མང་ ༥༥༠༠ བཅས་ཁྱོན་ཆོས་ཞུ་བ་མི་གྲངས་བརྒྱད་སྟོང་བརྒལ་བར་བཀའ་སློབ་སྩལ་དོན། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་རིག་གཞུང་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་ཀྱི་ཚད་མ་རིག་པའི་ཐོག་ནས་གཏན་ལ་ཕབ་པའི་ལུགས་འདིས་དེང་སྐབས་འཛམ་བུ་གླིང་འདིའི་སྟེང་ཏན་ཏན་ཕན་ཐོགས་བྱེད་ཐུབ་པའི་ཆ་རྐྱེན་ཡོད་པའི་བཟོ་འདྲ་ཞིག་མཐོང་གི་འདུག
དེ་འདྲའི་ཕན་ཐོགས་བྱེད་རྒྱུའི་ཆ་རྐྱེན་ཞིག་ཡོད་ན། ང་ཚོས་འབད་བརྩོན་བྱེད་འོས་པ་དང་བྱེད་དགོས་ཀྱི་ཡོད། གང་ཡིན་ཞེ་ན་ད་ལྟ་ང་ཚོ་འཛམ་གླིང་འདིའི་སྟེང་དཔེར་ན། ང་ཚོ་འདིར་ཞི་བདེ་བག་ཕེབས་ངང་བསྡད་ཡོད་ཀྱང་འཛམ་གླིང་འདིར་མི་གཅིག་གྱུར་གྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་མི་སྟོང་ཕྲག་ཁ་ཤས་གསོད་འགྲོ་གི་ཡོད། དེ་བཞིན་མི་ས་ཡ་མང་པོ་ཞིག་མུ་གེ་ཤི་རྒྱུའི་ཉེན་ཁའི་ཐོག་བསྡད་ཡོད། འདས་པའི་ཉིན་ཤས་སྔོན་ཨིན་ཡུལ་དུ་དྲག་སྤྱོད་ཀྱི་གནས་ཚུལ་དེ་འདྲ་བྱུང་བ་རེད། འདས་པའི་ཟླ་བ་ཁ་ཤས་ནང་དེ་ལྟ་བུའི་གནས་ཚུལ་ཁ་ཤས་བྱུང་ཡོད། དེ་དག་ནི་མིས་བཟོས་པ་རེད། ཁ་སང་སློབ་ཕྲུག་ཅིག་གིས་མིའི་ལྷན་སྐྱེས་རང་བཞིན་ནི་རྩུབ་པོ་ཡོད་པ་རེད་ཅེས་བརྗོད་བྱུང་། ཕལ་ཆེར་དེ་བདེན་པ་མ་རེད། བྱིས་པ་ཆུང་ངུའི་སྐབས་སུ་ཕལ་ཆེར་རང་བཞིན་གྱིས་འཛུམ་ཤིག་ཤིག་སྡོད་རྒྱུ་མང་བ་ཡོད། ཅེས་ཞལ་ཤོབ་དང་སྦྲགས་མུ་མཐུད་བཀའ་སློབ་སྩལ་དོན། འདི་ཁྱད་གང་ཡང་མི་འདུག མདོ་དོན་སྙིང་པོ་མིས་མི་གསོད་པ་དང་། མིས་མི་ལ་ཐུབ་ཚོད་ཀྱིས་གཞན་འཕུང་པ་བྱེད་བཞིན་པ་དེ་སེལ་ཐབས་ཡོད་མེད་ལ་བསམ་བློ་གཏོང་དགོས། སེལ་ཐབས་ཏན་ཏན་ཡོད་པ་རེད། དེ་འདྲའི་སེལ་ཐབས་ཡོད་ན་གང་རེད་ཅེ་ན། བྱམས་བརྩེ་ཟེར་རྒྱུ་འདི་འཛམ་གླིང་འདིའི་སྟེང་སྤེལ་ཐུབ་ན་མིས་མི་གསོད་རེས་བྱས་པ་དང་། མིས་མི་ལ་བརྩེ་བ་མེད་པའི་ཐོག་ནས་སྡུག་སྦྱོང་གཏོང་བ་སོགས་ཏན་ཏན་ཉུང་དུ་འགྲོ་གི་རེད། དཔེར་ན་རྒྱ་གར་ནང་ཆ་བཞག་ནའང་ལྐོག་ཟ་རུལ་སུངས་དང་། རིགས་རུས་ཀྱི་སྐད་ཆ་བཤད་ནས་དེ་འདྲའི་ཐོག་ནས་དཀའ་ངལ་ཧ་ཅང་མང་པོ་འདུག
ངོས་ཀྱིས་ནམ་རྒྱུན་རྒྱ་གར་གྱི་ཆོས་གྲོགས་ཚོ་དང་ཐུག་དུས་རྟག་པར་བཤད་ཀྱི་ཡོད། རྒྱ་གར་ནི་ལོ་རྒྱུས་ཀྱི་ཐོག་ནས་ཆོས་ལྡན་གྱི་རྒྱལ་ཁབ་ཆགས་ཡོད། འཚེ་བ་མེད་པའམ་ Ahimsa ཞེས་པ་དེ་ཕལ་ཆེར་ལོ་སྟོང་ཕྲག་གཉིས་གསུམ་རིང་ནས་བཤད་ཀྱི་ཡོད། འཚེ་བ་མེད་པ་ཡོད་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་གར་མི་འབོར་དུང་ཕྱུར་བཅུ་གཅིག་བཅུ་གཉིས་ཡོད་པའི་ལུང་པ་འདིའི་ནང་སྤྱིར་དཀའ་ངལ་མང་པོ་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཐོག་ནས་བཤད་ཚེ་ལྷིང་འཇགས་པོ་རེད། ལྷག་པར་རྒྱ་གར་ནང་འཛམ་གླིང་གི་ཆོས་བརྒྱུད་ཚང་མ་ཡོད་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ལྷིང་འཇགས་པོ་བྱས་ནས་བསྡད་ཐུབ་འདུག དེ་ནི་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་སྤྱོད་དང་འབྲེལ་བ་ཡོད་པ་ཞིག་ངོས་ཀྱིས་མཐོང་བཞིན་ཡོད་པ་མ་ཟད། དེ་ལྟར་བཤད་བཞིན་ཡོད། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་དེའི་ཐོག་ནས་ཡོང་གི་ཡོད་ ཇི་ཙམ་མེད་ཟེར་ནའང་སྤྱི་ཚོགས་ནང་འཚེ་བ་མེད་པའི་ལྟ་སྤྱོད་སྐོར་ཆུང་ངུའི་སྐབས་ནས་རྣ་ཅོག་ལ་གོམས་སྟབས། ཇི་ཙམ་མེད་ཟེར་ནའང་ཞི་བདེ་མང་བ་དང་། མིས་མི་གསོད་པ་ཏན་ཏན་ཉུང་བ་རེད་འདུག འདི་ནི་ང་ཚོར་དཔེ་མཚོན་ཞིག་རེད།
ང་ཚོ་བོད་པའི་ནང་ལའང་ཆ་བཞག་ན་ཆུང་ངུའི་སྐབས་ནས་སྲོག་ཆགས་འབུ་ཞིག་ཡིན་ཀྱང་འདི་གསོད་རྒྱུ་མེད་ཅེས་ང་ཚོ་ཚང་མའི་རྣ་བར་འཇགས་ཡོད། རྒྱུ་མཚན་དེ་ཙམ་མ་ཤེས་ཀྱང་སྡིག་པ་ཡོད་རེད། འབུ་སྲིན་ཆུང་ངུ་ཞིག་ཡིན་ནའང་རྩིས་མེད་རྡོག་རོལ་མི་གཏོང་བ་ཞིག་ང་ཚོ་བོད་པའི་གོམས་གཤིས་ལ་འདུག མིའི་སྤྱི་ཚོགས་ནི་མི་གཅིག་གིས་རྣམ་འགྱུར་དང་གོམས་གཤིས་ཐོག་ནས་རོགས་པ་ཚོར་ཤུགས་རྐྱེན་ཐེབས་རྒྱུ་ཏན་ཏན་ཡོད། ང་ཚོ་བོད་པ་བཙན་བྱོལ་བར་ཆ་བཞག་ན། རྒྱ་གར་ནང་འབུམ་གཅིག་ལྷག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གང་ཙམ་ཡོད། ཁྱོན་བསྡོམས་འབུམ་གཉིས་ཡས་མས་ཡོད། དེ་དག་མི་རེ་ངོ་རེས་ང་རང་ཚོ་ཕ་མེས་ནས་ཡོད་པའི་སེམས་པ་བཟང་པོ་བྱེད་རྒྱུ་དང་སེམས་ཅན་གྱི་སྲོག་ལ་མི་གནོད་པའི་གོམས་གཤིས་ཤིག་ཡོད། དེ་དག་རིམ་བཞིན་སྤེལ་ཐུབ་པ་བྱུང་བ་ཡིན་ན། ཕན་ཐོགས་ཏན་ཏན་ཡོང་གི་རེད། ཐེངས་ཤིག་ཨ་རིར་བོད་མི་ཚོ་ཁག་བྱས་ནས་ལེན་སྐབས། ཆི་ཁ་གྷོར་བོད་པ་གང་ཙམ་བླངས་མཁན་གྱི་ཨ་རིའི་ཚོགས་པ་དེའི་ཚོགས་མི་གཅིག་ངོས་ཀྱི་ནམ་རྒྱུན་ནས་ངོ་ཤེས་ཡིན། ཁོང་གིས་ངོས་ལ་ང་ཚོས་བོད་པ་དེ་གར་གཞིས་ཆགས་སུ་ལེན་རྒྱུར་རོགས་རམ་བྱས་པ་ཁོ་ན་མིན། བོད་པའི་གཤིས་ཀ་བཟང་པོ་དེ་ང་ཚོའི་སྤྱི་ཚོགས་ནང་འཇགས་ཐུབ་རོགས་བྱེད་ན་བསམས་པའི་རེ་བ་བརྒྱབ་སྟེ་དེ་གར་བླངས་ཏེ་ཆི་ཁ་གྷོའི་ཁུལ་དུ་གཞིས་ཆགས་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
རྒྱ་གར་ནང་ཆ་བཞག་ནའང་བོད་པའི་གཞིས་ཆགས་རྒྱ་གར་གྱི་ས་ཁུལ་མང་པོའི་ནང་ཡོད། ས་གནས་ཀྱི་དཔོན་པོ་དེ་ཚོའི་གྲས་མང་པོས་ཧ་ཅང་བསྔགས་བརྗོད་བྱེད་ཀྱི་འདུག བོད་པའི་གཞིས་ཆགས་དེ་དག་ཚུལ་མཐུན་ཡ་རབས་འདུག ཁྲིམས་འགལ་བྱེད་མཁན་ཧ་ལམ་མི་འདུག ཅེས་ཨོ་རི་ས་དང་། བྷན་ད་ར། མེ་སོར་སོགས་ནས་བསྔགས་བརྗོད་བྱེད་མཁན་མང་པོ་བྱུང་། ཧ་ཅང་བཟང་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།