ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཕྲུག་ཁྱིམ་སྡེ་དང་། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་པ་བཞིན། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཁྱིམ་སློབ་གྲྭ་ཁག་ལྔ་སོགས་ནས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༡༤༧༧ དང༌། རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ ༧༠ ནས་ཁྱོན་སློབ་མ་གྲངས་ ༥༢༨ དང་ཕྱི་རྒྱལ་མཐོ་སློབ་ཁག་ ༢ ནས་སློབ་མ་གྲངས་ ༥ སོགས་ཁྱོན་ན་གཞོན་ ༢༨༠༠ ཙམ་དང་། དེ་བཞིན་སེར་སྐྱ་མི་མང་ ༥༥༠༠ བཅས་ཁྱོན་ཆོས་ཞུ་བ་མི་གྲངས་བརྒྱད་སྟོང་བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་ལ་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་རྣམ་པ་དང་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་རྒྱུན་ལས་རྣམས་ནས་སྤོས་སྣེས་སྔུན་བསུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཎྡལ་གསོལ་འདེབས་གསུང་འདོན་དང་བཅས་བོད་ཕྲུག་ཁྱིམ་སྡེ་དང་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འགན་འཛིན་རྣམ་གཉིས་ནས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་རྡ་སྟེང་བོད་ཁྱིམ་སློབ་མས་བློ་རིག་གི་སྡོམ་ངག་འདོན་སྤྱན་འབུལ་ཞུས་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཁྱེད་ཚོས་བློ་རིག་གི་སྡོམ་ངག་འདོན་བྱས་པ་དེ་ཕལ་ཆེར་སྔ་ལོར་ངོས་ཀྱིས་སྤྲད་པ་རེད། བློ་རིག་དང་རྟགས་རིགས་ཀྱི་སྡོམ་གཉིས་ཨཱ་ཀྱ་ཡོངས་འཛིན་གྱིས་མཛད་པ་དེ་ངོས་ཀྱིས་ཕལ་ཆེར་ལོ་བཅུ་གྲངས་ནས་བློ་འཛིན་བྱས་པ་ཡིན། ཁྱེད་ཚོས་བློ་སྡོམ་འདོན་སྐབས་ངོས་ཀྱིས་ཚིག་ཁ་ཤས་མ་གཏོགས་ཕལ་ཆེ་བ་བློ་ཐོག་ནས་འདོན་ཐུབ་ཀྱི་འདུག
སེམས་ཁམས་རིག་པ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེང་སྐབས་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་ཐོག་རྙོག་དྲ་ཡོད་པ་ཚང་མའི་རྩ་བ་དེ་སེམས་འཁྲུག་ནས་འུ་ཐུག་སྐབས་མི་གསོད་རེས་གཏོང་བ་དང་། དེ་མིན་ཕྱོགས་ལྷུང་བྱས་པ་སོགས་འཛམ་གླིང་འདིའི་ཐོག་མིས་བཟོས་པའི་དཀའ་ངལ་དེ་དག་སེམས་འཁྲུགས་བའི་རྐྱེན་གྱིས་ཡོང་བ་ཧ་ཅང་གསལ་པོ་རེད་འདུག སེམས་འཁྲུགས་པ་དེ་སྨན་ཟ་བ་དང་ཉལ་ཐག་འཐེན་པ་སོགས་ཀྱིས་གནས་སྐབས་རིང་སེམས་འཁྲུགས་པ་དེ་ཞི་གི་ཡོད་འགྲོ་སྟེ། ཕུགས་ལ་ཕན་རྒྱུ་རྩ་བ་ཉིད་ནས་མེད། སེམས་འཁྲུགས་མཁན་དེ་སེམས་འཁྲུགས་བྱེད་ཀྱི་ཞེ་སྡང་། ང་རྒྱལ། ཕྲག་དོག འགྲན་སེམས་སོགས་ཀྱིས་སེམས་འཁྲུགས་ཡོང་གི་ཡོད། དེར་བརྟེན་སེམས་འཁྲུགས་པ་དེ་བསམ་བློའི་ནང་ནས་ཡོང་བ་རེད་མ་གཏོགས་ཕྱི་ནས་ཡོང་བ་ཞིག་མིན་སྟབས། སེམས་འཁྲུགས་པའི་རྐྱེན་ནི་སེམས་མ་དུལ་བའི་ཆ་ནས་ཡོང་གི་ཡོད་པར་བརྟེན། སེམས་འཁྲུགས་པ་དེ་སེལ་རྒྱུ་དེ་ཡང་སེམས་ཀྱི་ནང་ནས་ཐབས་ཤེས་བྱེད་རྒྱུ་རེད་མ་གཏོགས་ཕྱི་ནས་སྨན་ཟ་བ་དང་། སྨན་པ་བསྟེན་པ་སོགས་ལས་སེལ་ཐུབ་ཐབས་མེད།
དེར་བརྟེན་དེ་ལྟར་སེམས་མ་སྐྱིད་པ་བཟོ་མཁན་ནི་སྒོ་གསུམ་གྱི་སྤྱོད་པ་མ་དུལ་བར་མི་གསོད་རས་གཏོང་བ་དང་། མི་གཞན་ལ་སྙིང་རྗེ་མེད་པའི་ཐོག་ནས་དབུལ་ཕྱུག་གི་ཁྱད་པར་ཧ་ཅང་ཆེན་པོ་ཡོང་བཞིན་ཡོད་པ་དང་། དབུལ་ཕོངས་ཚོ་ཉིན་རེར་ལྟོ་ཆས་གང་ཞིག་ཟ་དགོས་སམ་སྙམ་སྟེ་ཧ་ཅང་སྐྱོ་བོའི་ཐོག་གནས་བཞིན་ཡོད། མི་གཅིག་པ་ཡིན་ནའང་མི་གཞན་ཞིག་ལྟོགས་ཤི་ཐེབས་གྲབས་བྱེད་ཀྱི་ཡོད་ནའང་དེ་དག་ལ་མི་ཁ་ཤས་དོ་སྣང་དོ་སྣང་མེད་པ་ལྟ་བུ་ཡོང་བཞིན་འདུག དཔེར་ན། རྒྱ་གར་ནང་ལ་ཆ་བཞག་པ་ཡིན་ནའང་། རིགས་རུས་ཀྱི་སྐད་ཆ་བཤད་ནས་མི་སྐྱོ་བོ་དེ་དག་གནས་སྟངས་ཧ་ཅང་སྐྱོ་བོ་ཐོག་གནས་བཞིན་འདུག གང་ལྟར་དེ་དག་ནི་སེམས་དུལ་བའི་ཆ་མ་འདང་བ་དང་། སེམས་མ་དུལ་བའི་ཆ་ཤུགས་ཆེན་པོའི་ཐོག་ནས་བསྡད་པར་བརྟེན་དཀའ་ངལ་དེ་དག་འཕྲད་ཀྱི་ཡོད། དཀའ་ངལ་དེ་དག་སེལ་ཐབས་ནི་སེམས་དུལ་བའི་ཆ་དེ་དག་གོང་འཔེལ་དུ་གཏོང་དགོས། སེམས་དུལ་བའི་ཆ་ཇི་ཙམ་གོང་དུ་འཕེལ་བ་དེའི་ཚོད་ིཀྱིས་སེམས་མ་དུལ་བའི་ཆ་རྣམས་ཤུགས་ཇེ་ཆུང་དུ་འགྲོ་བ་ཆོད་ཉིད་རེད།
དཔེར་ན་སྣང་བའི་འོད་ཤུགས་ཆེ་རུ་ཕྱི་ན་་མུན་པ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་བ། ཚ་དྲོད་འཔེལ་བ་ཡིན་ན་གྲང་རེག་ཤུགས་ཆུང་དུ་འགྲོ་བ་ཆོས་ཉིད་རེད། ཕྱིའི་གནས་ཚུལ་ལ་ཡིན་ནའང་། ཚ་གྲང་གི་གི་འགལ་འདུ་ཡོད་པ་ཞིག་ཡིན་ན། ཚ་རེག་འཕེལ་ན་གྲང་རེག་ཤུགས་ཆུང་ངུ་འགྲོ་བ། གྲང་རེག་འཕེལ་ན་ཚ་དྲོད་ཤུགས་ཆུང་དུ་འགྲོ་བ་ལྟར། ནང་བློའི་ནང་དུའང་བློ་རིག་གི་སྡོམ་ནང་འཛིན་སྟངས་ཞེས་པ་བཞིན། སེམས་ཀྱི་འཛིན་སྟངས་མི་མཐུན་པར་འགལ་བའི་ཆ་ནས་སེམས་ཕན་ཚུན་འགལ་ཟླ་ཡོང་བ་ཞིག་ཡོང་གི་ཡོད། སེམས་ནི་གཟུགས་ཅན་མིན་པར་མྱོང་ཙམ་རིག་ཙམ་གྱི་བདག་ཉིད་ཞིག་རེད། དེའི་འཛིན་སྟངས་མི་མཐུན་པར་བརྟེན་འགལ་ཟླ་ཡོང་གི་ཡོད། དེར་བརྟེན་སེམས་མ་དུལ་བའི་ཆ་དེ་ཉུང་དུ་གཏང་རྒྱུ་ནི་སེམས་དུལ་བའི་ཆ་རྣམས་ཤུགས་ཆེ་རུ་གཏོང་དགོས། དེ་ལ་སྔོན་དུ་སེམས་དུལ་བའི་ཆ་དང་དེའི་རྒྱུ་རྐྱེན་གང་འདྲ་ཞིག་ཡིན་པ། སེམས་མ་དུལ་བ་དང་དེའི་རྒྱུ་རྐྱེན་གང་དང་གང་ཡིན་པ་དེ་དག་ཤེས་པར་བྱེད་དགོས། དེར་བརྟེན་བློའི་རྣམ་གཞག་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་ནས་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ནང་པའི་རིག་ལམ་དང་ཚན་རིག་ལྟ་གྲུབ་འཛིན་གྲྭའི་སློབ་མ་ཁག་གཅིག་གིས་ཤེས་བྱ་ཡུལ་གྱི་རྣམ་གཞག་དང་། ཁག་གཅིག་གིས་ཐལ་འགྱུར་སྐོར་བགྲོ་གླེང་རྩོད་པ་སྤྱན་འབུལ་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་སློབ་ཕྲུག་ཕོ་མོ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་ཐེའེ་ལེནཌི་ནས་དགེ་འདུན་པ་ཚོགས་ཁག་གཅིག་མཁན་པོས་དབུ་ཁྲིད་ནས་གོམ་བགྲོད་བྱེད་དེ་ཕེབས་རྒྱུ་རེད། སྔ་ལོར་ང་ཚོ་མཇལ་བ་རེད། དེ་རིང་ཡང་འདིར་ཕེབས་ཡོད། ཁྱེད་རང་ཚོ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་གོ་རིམ་བཞིན་འཕེལ་རིམ་བརྩིས་པ་ཡིན་ན། ཐོག་མར་པཱ་ལིའི་ཆོས་བརྒྱུད་དང་། དེ་ནས་རིམ་བཞིན་ལེགས་སྦྱར་གྱི་ཆོས་བརྒྱུད་དར་ཁྱབ་ཤུགས་ཆེན་པོ་བྱུང་བ་རེད། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་གྱི་འཕགས་པ་གནས་བརྟེན་གྱི་སྡེ་ཁྱེད་རང་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ཚང་མར་གུས་ཞབས་ཡོད། ཐུགས་རྗེ་ཆེ།
དེ་རིང་ཁྱེད་རང་ཚོ་རྟགས་གསལ་གཏོང་མཁན་རྣམས་རྟགས་གསལ་གཏོང་སྟངས་དེ་དག་གྱོང་པོ་དང་ཧ་ཅང་ཡག་པོ་འདུག ཕལ་ཆེར་ཁ་ལབ་རྒྱག་པ་ཙམ་མ་རེད། གང་ཙམ་གྱོང་པོ་ཡོད་པའི་བཟོ་འདྲ་ཞིག་འདུག སྔ་མོ་ངོས་ལ་ཆ་བཞག་ནའང་ཡོངས་འཛིན་རྣམ་པ་ཚོས་ཞེ་ས་མ་ཞུས་ན་ཁ་ལབ་བསྐྱོན་ནས་རྡུང་གྲབས་བྱས་ཏེ་རྟགས་གསལ་གཏོང་གི་རེད། ཁྱེད་རང་ཚོ་དོན་དག་གང་ཙམ་ཁོག་ལ་ཆུད་ཡོད་པ་དང་། རྟགས་གསལ་གཏོང་སྟངས་དེ་ཚོའི་གྲས་ཧ་ཅང་གྱོང་པོ་འདུག བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན། རིགས་ལམ་སྦྱང་རྒྱུའི་འབྱུང་ཁུངས་ནི་ནང་པའི་གཞུང་ནས་ཡིན་པ་དང་། གཙོ་བོ་འདི་པཎ་གྲུབ་ཚོའི་གཞུང་ནས་མར་ཐོན་པ་ཆགས་ཀྱི་ཡོད། འོན་ཀྱང་རིགས་ལམ་འདིས་བསམ་བློ་དཔྱད་པ་བྱེད་རྒྱུར་ཧ་ཅང་ཕན་གྱི་འདུག ཐོན་རྒྱུ་འདི་ནང་པའི་གཞུང་ནས་ཐོན་པ་ཡིན་ནའང་རིགས་ལམ་འདི་འཁྱེར་ནས་བརྗོད་བྱ་གང་དང་གང་ལ་ཡིན་ནའང་རིགས་ལམ་འདིའི་ཐོག་ནས་དཔྱད་པ་བྱས། སོ་སོར་སློབ་སྦྱོང་བྱེད་རྒྱུ་ཡིན་ནའང་འདིའི་ཐོག་ནས་དཔྱད་པ་བྱེད་ནས་འགྲོ་རྒྱུར་ཧ་ཅང་ཕན་ཐོགས་ཡོད། ངོས་ཀྱིས་ཆོས་བརྒྱུད་འདྲ་མིན་གྱི་མཁས་དབང་དང་། སྤྱིར་བཏང་གི་མཁས་དབང་དེ་འདྲ་མང་པོ་ཐུག་གི་ཡོད། ལོ་སུམ་ཅུ་ཙམ་ནས་ཚན་རིག་པ་དེ་འདྲ་མང་པོ་ཐུག་གི་ཡོད། ཐུག་ནས་ང་ཚོ་བགྲོ་གླེང་ལྟ་བུ་སྐད་ཆ་བཤད་དུས་རིགས་ལམ་ཕྲན་བུ་སྦྱངས་པ་འདིས་ཧ་ཅང་ཕན་ཐོགས་འདུག སྤྱིར་ཚན་རིག་པ་དེ་འདྲ་ཡིད་འཕྲོག་སྟེ་རྟགས་གསལ་གཏང་ནས་རིགས་ལམ་ཐོག་དཔྱད་པ་བྱེད་སྟངས་འདི་སློབ་ཚན་གཞན་གྱི་ནང་ལ་འགྲོ་ཐུབ་པ་དང་བེད་སྤྱོད་བྱེད་རྒྱུ་ཡོང་གི་མ་རེད་དམ་ཞེས་ངོས་ལ་ཚན་རིག་པ་ཁ་ཤས་ཤིག་གིས་བརྗོད་མྱོང་། དཔྱད་པ་བྱེད་སྟངས་འདི་མི་འདྲ་བ་ཞིག་རེད་འདུག་ཅེས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ། ཞེས་གསུངས་པ་འདིས་དཔྱད་པ་བྱོས་གསུང་གི་ཡོད། དེ་འདྲ་ཡིན་དུས་སངས་རྒྱས་པའི་གཞུང་ནས་གསུང་པའི་རིགས་ལམ་གྱི་དཔྱད་པ་བྱེད་རྒྱུ་འདི་རིམ་བཞིན་འཛམ་བུ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཤིག་ཕལ་ཆེར་ཡོང་རྒྱུ་ཡིན་པ་ལྟ་བུ་མཐོང་གི་འདུག གང་ལྟར་རིགས་ལམ་འདི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།