༢༠༡༧ ཟླ་ ༦ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༢ ཉིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷར་ནེ་ཊི་ Garnett Genuis མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་བར་བརྟེན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་ལ་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཞུས་གནང་བའི་ནང་འཁོད་དོན། སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༢ ཉིན་ཁེ་ན་ཌའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་སོགས་བོད་མིའི་ཆོད་དད་རང་དབང་ལ་དམ་བསྒྲགས་བསུན་གཙེར་ཚབས་ཆེ་བཟོ་བཞིན་པའི་གནད་དོན་སྐོར་གླེང་སློང་གནང་བར་བརྟེན། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཁེ་ན་ཌའི་སྲིད་གཞུང་དང་། ལྷག་པར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཁེ་ན་ཌའི་གྲོས་ཚོགས་ནང་ཕེབས་བསུ་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་ཏེ་སྤྱི་འཐུས་རྒྱུན་ལས་དང་ལྷན་ཐུག་འཕྲད་གནང་བར་ང་ཚོར་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། སྐུ་ཉིད་མཆོག་གིས་བོད་མིའི་བདེན་པའི་འཐབ་རྩོད་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སྐུ་ཉིད་མཆོག་གི་བོད་དོན་ལ་ཞལ་གསང་པོའི་ཐོག་ནས་རྒྱབ་སྐྱོར་གནང་བ་དེས་བོད་མི་ཡོངས་ལ་མུ་མཐུད་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་དོན་ལས་འགུལ་རྒྱུན་སྐྱོང་བྱ་རྒྱུར་སེམས་འགུལ་དང་སྙིང་སྟོབས་སྤེལ་བཞིན་འདུག འབྱུང་འགྱུར་ཡང་ཆོད་སེམས་མུ་མཐུད་རྒྱུན་སྐྱོང་ཐོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་ཡོང་བ་དང་། སྐུ་ཉིད་མཆོག་གི་ལས་དོན་གང་ཅིར་ལམ་ལྷོང་ཡོང་བར་སྨོན་འདུན་ཤུགས་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད།
༼མ་ཡིག་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་མ་ཡིག་དེར་རྩ་འཛིན་ཡོང་བ་ཞུ།།༽