ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༦
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ཉིན་ཉི་ཧོང་ཨེན་པི་ཨོ་སྙིང་སྟོབས་ཚོགས་པའི་ངེས་སྟོན་པ་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཨི་གྷ་ལྦ་ཨི་ཛུ་མི་ Egawa Izumi ལགས་ཀྱིས་གཙོས་ཕྱག་སྦྲེལ་ཁག་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།
དེ་ཡང་སྐུ་ཚབ་ཚོགས་མི་ཁག་ལྔས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སོ་ནམ་འདེབས་ལས་བྱེད་ཕྱོགས་སྐོར་དང་། མ་འོངས་པར་བོད་མིའི་གཞིས་ཆགས་ཁག་ཏུ་སོ་ནམ་འདེབས་ལས་ཡར་རྒྱས་གཏོང་ཐབས་རྒྱས་སླད་བཀའ་བསྡུར་གནང་ཡོད་པ་མ་ཟད། ཁོང་རྣམ་པས་སྤྱི་ཡོངས་ནས་སོ་ནམ་འདེབས་ལས་བྱེད་ཕྱོགས་དང་འབྲེལ་བའི་ཐབས་ལམ་གསར་པ་ཁག་ངོ་སྤྲོད་བྱ་འདོད་ཡོད་སྐོར་གསུངས།
སྐབས་དེར་བཀའ་བློན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱིས་གཙོས་བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་རྒྱབ་ལྗོངས་དང་། ཉི་ཧོང་ཨེན་པི་ཨོ་སྙིང་སྟོབས་ཚོགས་པའི་ལས་འཆར་དང་ནང་སྲིད་ལས་ཁུངས་ཀྱི་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞི་ ISDP གཉིས་མཐུན་པོ་ཡོད་སྐོར་དང་ནང་སྲིད་ལས་ཁུངས་ཀྱི་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞིའི་དམིགས་ཡུལ་ནི། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་སླད་སོ་ནམ་གཞིས་ཆགས་ཁག་གི་ཞིང་ལས་འདེབས་འཛུགས་ཀྱི་ཐོན་འབབ་སྔར་ལྷག་ཡར་རྒྱས་གཏང་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་བ་མ་ཟད། ལྕམ་སྐུ་ཨི་གྷ་ལྦ་ཨི་ཛུ་མི་ལགས་ཀྱིས་གཙོས་སྐུ་ཚབ་འཐུས་མི་རྣམས་ལ་ཐུགས་རྗེ་ཞུས་པ་ལྷན་ཁོང་རྣམ་པའི་ལས་འཆར་ལས་བསྔགས་བརྗོད་གནང་ཡོད།
གཞན་ཡང་བཀའ་བློན་མཆོག་གིས་ལྕམ་སྐུ་ཨི་གྷ་ལྦ་ཨི་ཛུ་མི་ Egawa Izumi ལགས་ཀྱིས་གཙོས་པའི་ཁོང་གི་ཚོགས་པས་བོད་ཕྲུག་ཁྱིམ་སྡེར་རྒྱབ་སྐྱོར་དང་། ཐེངས་འདིར་དོ་དབྱིངས་ཐོག་བོད་མིའི་སོ་ནམ་འདེབས་ལས་ཐོག་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད།
སྤྱིར་ཁོང་རྣམས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་སུ་བཅར་བ་ཡིན་འདུག་པ་བཅས།།