ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢ རེས་གཟའ་པ་སངས།
༄༅།། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག བཀའ་ཤག་སྐབས་ ༡༥ དམ་འབུལ་བཞེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་སྟབས་འགྲིག་གནང་སྟེ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་རྣམ་པ་བཅས་ཚང་མས་མཁྱེན་གསལ་རེད། དེ་སྔ་བཀའ་ཤག་སྐབས་ ༡༤ ནས་བཟུང་བཀའ་ཤག་དམ་འབུལ་ཉིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་བྱེད་ཀྱི་ཡོད། ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ཏེ་ས་ག་ཟླ་བའི་ཚེས་ ༢ ཉིན་བསྐལ་བ་བཟང་བ་ཞིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་མི་རིགས་སླད་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་ཡོད། དེ་བཞིན་དེ་རིང་ས་ག་ཟླ་བའི་ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ནས་བོད་ནང་གི་བོད་མིའི་ཆེད་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཡོད།
དེ་རིང་ཞུ་རྒྱུ་གཙོ་བོ་ནི་འདི་ལོར་བོད་ནང་རང་ལུས་མེར་སྲེག་བཏང་མཁན་བོད་མི་བཞི་བྱུང་འདུག དེ་སྔ་ཡིན་ན་བོད་མིའི་སྒྲིག་འཛུགས་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཆེད་ཕྲལ་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་གི་ཡོད། ད་ལམ་རང་ལུས་མེར་སྲེག་བཏང་མཁན་བཞི་བྱུང་ཡོད་ནའང་། འདས་གྲོངས་སུ་གྱུར་ཡོད་མེད་ཀྱི་གནས་ཚུལ་གཏན་མ་འཁེལ་སྟབས། དུས་ཡུན་ཕྲན་བུ་འགོར་བ་རེད། ཉེ་ཆར་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༩ ཉིན་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང༌། གྱེར་སྟོང་དགོན་པའི་དགེ་འདུན་པ་དགུང་ལོ་ ༢༤ སོན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། དེར་བརྟེན་ཚང་མས་དམ་པ་ཁོང་དང་། ཁོང་གི་ནང་མིའི་ཆེད་ཐུགས་སྨོན་གནང་རོགས། ཞེས་རེ་འདུན་ཞུ་རྒྱུ་ཡིན།
ཕྱི་ལོ ༢༠༡༧ ཟླ ༥ ཚེས ༢ ཉིན་བོད་མདོ་སྨད་བསང་ཆུ་འབོ་ར་བདར་མདོ་སྡེ་བའི་ཕ་བཟོད་པ་དང་། མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་རང་ལོ ༡༦ སོན་པ་འབོ་ར་སློབ་འབྲིང་གི་སློབ་མ་ཕྱག་རྡོར་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་རྒྱ་ནག་གཞུང་གི་ཉེན་རྟོག་པ་འབྱོར་ནས་བཙན་འཁྱེར་བྱས་སྟབས། ད་ལྟའི་ཆར་ཁོང་གི་གནས་སྟངས་ཅི་ཡིན་གསལ་ཁ་གང་ཡང་མི་འདུག ཅེས་ཞུ་རྒྱུ་ཡིན། གཞན་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༥ ཉིན་ཉག་རོང་རྫོང་ཨ་བསེ་འབྲོག་པ་དགེ་ཆགས་ནས་ཡིན་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད། ཁོང་ནི་རང་ལོ་ ༣༠ ཡིན་པ་དང་ཕྲུ་གུ་གསུམ་ཡོད་འདུག
ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་བོད་ཁམས་ཉག་རོང་ནས་ཡིན་པ་ཕ་དབང་རྒྱལ་དང་མ་ཡུལ་ལྷ་གཉིས་ཀྱི་བུ་རང་ལོ་ ༢༤ སོན་པ་པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣ་འབྱོར་ནས་ཁོང་བཙན་ཁྲིད་བྱས་པར་བརྟེན་ད་ལྟའི་ཆར་གནས་སྟངས་གང་ཡིན་གསལ་པོ་མི་འདུག རང་ལུས་མེར་སྲེག་བཏང་མཁན་ཁོང་བཞིའི་མངོན་འདོད་ནི་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་འདུག བོད་མིར་རང་དབང་དགོས་འདུག་ཅེས་ཞུས་འདུག ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་འགོ་འཛུགས་ཀྱིས་ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༤༩ ནས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པའི་ཁྲོད་ནས་བོད་མི་གྲངས་ ༡༢༧ འདས་གྲོངས་སུ་གྱུར་ཡོད།
དེར་བརྟེན་ད་རེས་མཆོད་འབུལ་སྨོན་ལམ་སྐབས་སུ་ཚང་མས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་རྒྱལ་གཅེས་པ་རྣམས་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་པ་རེད། འོན་ཀྱང་དཀའ་ངལ་ལ་མ་འཛེམས་པར་སོ་སོའི་རྩ་ཆེ་བའི་ལུས་སྲོག་བློས་གཏོང་མཁན་རྒྱུན་མ་ཆད་པར་ཡོང་བཞིན་ཡོད་པ་དེས་བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར་ཧ་ཅང་ཡོད་པ་དང་། དེ་བཞིན་ལོ་ ༡༦ ཅན་ཞིག་ཡིན་ནའང་བོད་ཀྱི་རྩ་དོན་གལ་ཆེན་པོ་རྩི་གི་ཡོད་པ་ཧ་ཅང་གསལ་པོ་རེད།
དེར་བརྟེན་ཁོང་རྣམ་པས་སྐུ་ལས་བསྐྱོན་པ་དང་བློས་བཏང་བྱས་པ་དེ་དག་བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་དུས་ནམ་ཡང་བརྗེད་རྒྱུ་མེད་པ་དང་། ཁོང་རྣམ་པའི་མངོན་འདོད་བསྒྲུབ་རྒྱུའི་སླད་ང་ཚོས་གང་ཅིའི་ཐད་སྐུ་ལས་སྐྱོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་གཙོ་བོ་འདི་ཡིན།
དེ་དང་འབྲེལ་བའི་ཐོག་ནས་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཨ་རི་གཞུང་ནས་བོད་མིའི་སྒྲིག་འཛུགས་དང་བོད་དོན་ལ་རོགས་དངུལ་གཅོད་ཀྱི་ཡོད་མེད་སྐོར་སྤྱི་ཚོགས་ནང་གླེང་སློང་ཕྲན་བུ་ཡོང་བཞིན་ཡོད་འདུག རྩ་བའི་ཨ་རིའི་གཞུང་ནང་བགྲོ་གླེང་གང་འགྲོ་གི་ཡོད་རེད། ཅེ་ན། རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད། ཨ་རི་གཞུང་ནས་རྒྱ་ནག་ནང་རོགས་དངུལ་གནང་དགོས་མ་རེད། ཅེས་གསུང་མཁན་ཧ་ཅང་ཤུགས་ཆེན་པོ་ཡོད། དེར་བརྟེན་རྒྱ་ནག་བརྗོད་དུས་ད་ལྟ་བོད་ནི་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་སྟབས། བོད་ནང་གི་ལས་འཆར་ཁག་ཀྱང་ཆགས་ཀྱི་ཡོད།
ཉེ་ཆར་རྒྱ་གར་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་ཨ་རིའི་རོགས་དངུལ་བཅད་འདུག ཅེས་བཀོད་ཡོད་པར་བརྟེན། འདི་གང་འདྲ་ཡིན་ནམ་དགོངས་པ་ཡིན་ན། ཨ་རིའི་འགྲོ་སྟངས་ལ་སྲིད་འཛིན་གྱི་ཕོ་བྲང་དཀར་པོ་ནས་འཆར་འབུལ་གནང་བ་དེར་གྲོས་ཚོགས་དང་བཀའ་བསྡུར་གནང་སྟེ་མཐའ་མར་སྔོན་རྩིས་འབབ་ས་ཤིག་ལ་འབབ་ཡོང་གི་རེད། ལོ་རྒྱུས་ཐོག་ནས་གཟིགས་པ་ཡིན་ནའང་། ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོ་ནས་བོད་ནང་རོགས་དངུལ་གནང་ཡོད་ཀྱང་། བཙན་བྱོལ་དང་འབྲེལ་བ་ཡིན་ན་མང་བ་དེ་གྲོས་ཚོགས་ནས་སྔོན་རྩིས་ནང་བཞག་པ་ཆགས་ཀྱི་ཡོད།
ལྷག་པར་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་ ༢༣ གནང་གི་ཡིན་ཟེར་རྒྱུ་དེ་གྲོས་ཚོགས་ནས་རྒྱབ་སྐྱོར་གནང་སྟེ་ཨ་རིའི་སྔོན་རྩིས་ནང་སླེབས་པ་ཞིག་ཡིན་པར་བརྟེན། ཉེ་ཆར་རྒྱ་གར་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་ཨ་རིའི་རོགས་དངུལ་བཅད་འདུག ཅེས་པ་དེ་ཨ་རིའི་སྲིད་འཛིན་དང་ཕོ་བྲང་དཀར་པོ། ཕྱི་སྲིད་ལས་ཁུངས་ཀྱི་འཆར་འབུལ་ཞིག་རེད། འདི་ལ་གྲོས་ཚོགས་གོང་འོག་གཉིས་བཀའ་བསྡུར་གནང་ནས་འབབ་ས་ཤིག་ལ་འབབ་ཡོང་གི་རེད། ཉེ་ཆར་ཨ་རིར་བཅར་བའི་སྐབས་སུ་དོན་ཚན་བཅུའི་ཐོག་བཀའ་བསྡུར་བྱུང་ཡོད། དེ་སྔ་དོན་ཚན་བརྒྱད་ཐོག་མོས་མཐུན་བྱས་པའི་ནང་ནས་དོན་ཚན་བདུན་ལག་བསྟར་བྱས་ཟིན་པའི་སྐོར་ཞུས་པ་ཡིན།
ཉེ་ཆར་དོན་ཚན་བཅུའི་ཐོག་བཀའ་བསྡུར་གྱིས་མོས་མཐུན་བྱུང་བའི་ནང་ནས་དོན་ཚན་གཉིས་པ་དེ་བཙན་བྱོལ་ལ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་ལ་རོགས་དངུལ་མུ་མཐུད་དགོས་ཀྱི་འདུག་ཅེས་གྲོས་ཚོགས་འཐུས་མི་རྣམས་ལ་རེ་འདུན་ཞུས་པ་ཡིན། དེ་བཞིན་བོད་ལ་ཡིན་ནའང་དེ་སྔ་རོགས་དངུལ་གནང་བ་བཞིན་མུ་མཐུད་གནང་དགོས། གང་ཡིན་ཞེ་ན། བོད་ནང་ཡིན་ནའང་རོགས་དངུལ་དེ་དག་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། བོད་ཕྱི་ནང་གཉིས་ཀར་རྒྱབ་སྐྱོར་གནང་རོགས་གནང་། རོགས་དངུལ་མུ་མཐུད་གནས་དགོས་ཀྱི་རེད། ཅེས་ཞུས་ཡོད།
ང་ཚོར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་རྣམས་ནས་འདི་གལ་ཆེན་པོ་རྩི་བཞིན་ཡོད། དེར་རྒྱབ་སྐྱོར་དང་འབད་བརྩོན་བྱེད་ཀྱི་ཡིན། ཞེས་བཀའ་བཞེས་བཟང་པོ་ཐོབ་ཡོད། ཨ་རི་སྤྱི་ཡོངས་ནང་ཕྱི་སྲིད་དང་ཕྱིའི་རོགས་དངུལ་གཅོག་དགོས་ཀྱི་འདུག བདེ་འཇགས་སྲུང་སྐྱོབ་ལ་སྤོར་དགོས་ཀྱི་འདུག ཅེས་བགྲོ་གླེང་འགྲོ་བཞིན་ཡོད། དེར་བརྟེན་སྤྱི་ཡོངས་ནས་བརྒྱ་ཆ་ ༡༠།༢༠།༣༠ ག་ཚོད་གཅག་གི་ཡོད་ནའང་གཅག་སྲིད་པ་ཞིག་རེད་བསམས་ཀྱི་འདུག་མ་གཏོགས་ང་ཚོའི་རེ་བར་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག་ཡོད་པའི་ལས་འཆར་ཁག་གི་རོགས་དངུལ་དེ་དག་མུ་མཐུད་གནས་རྒྱུར་རེ་བ་བྱེད་ཀྱི་ཡོད། ཅེས་ཞུ་རྒྱུ་ཡིན། དེར་བརྟེན་མི་མང་རྣམས་ནས་དམིགས་བསལ་ཐུགས་འཚབ་མ་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།
དེ་རིང་བཀའ་ཤག་ནས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་དགོས་དོན་ནི། ༧གོང་ས་མཆོག་གིས་བོད་ནང་ཡོད་པའི་བོད་མི་ཚོ་གཙོ་བོར་གཞི་ལ་བཞག་པའི་ཐོག་ནས་ཕྱག་ལས་གནང་དགོས། ཞེས་བཀའ་སློབ་ཕེབས་མུས་ཡིན་སྟབས། དོན་གྱི་བདག་པོ་བོད་ནང་གི་བོད་མི་ཚོ་མ་བརྗེད་པར་ཁོང་རྣམ་པས་བློས་བཏང་བྱས་པ་དེ་དག་ཡིད་ལ་དྲན་པའི་ཐོག་ནས་སྐུ་ལས་སྐྱོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་བར་རང་ལུས་མེར་སྲེག་བཏང་མཁན་ཡོངས་ལ་ཐུགས་སྨོན་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།།