ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཐུན་འགྱུར་ཐོག་ལོ་ལྟར་བོད་ཟླ་ ༥ ནང་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་དུ་དམིགས་ཏེ་མ་ཧཱ་གུ་རུའི་འབུམ་ཚོགས་འབུལ་གཤོམས་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་སྐབས་ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་ཟུར་པ་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་གཞན་མཆོག བཀའ་བློན་རྣམ་པ། འོས་བསྡུའི་སྤྱི་ཁྱབ་འགན་འཛིན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་ཁག་གཅིག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། སྐུ་མགྲོན། དེ་བཞིན་སེར་སྐྱ་མི་མང་བཅས་ལྷན་འཛོམས་གནང་ཡོད།
སྤྱིར་བོད་རྒྱལ་ལོ་ ༢༡༤༤ མེ་བྱ་ལོའི་འབུམ་ཚོགས་དེ་ཉིད་འདི་ལོའི་བོད་ཟླ་ ༥ ཚེས་ ༦ ནས་ ༡༠ དང་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༩ ནས་ཕྱི་ཟླ་ ༧ ཚེས་ ༣ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་རྒྱུ་ཡིན་འདུག་པ་བཅས།།