༢༠༡༧ ཟླ་ ༦ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་སན་ཌི་ཡ་གོ་ San Diego གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་སྐབས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཀེ་ཝིན་ཕོལ་ཀོ་ནར་ Kevin Faulconer མཆོག་གཏན་ཞལ་རྣམ་གཉིས་དང་། དེ་བཞིན་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ཀྱི་རིགས་བདག་ Chancellor of the University of California San Diego སྐུ་ཞབས་པྲཱ་ཌིབ་ཁོ་སི་ལ་ Pradeep Khosla མཆོག་བཅས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
གནམ་ཐང་ནས་བཞུགས་གནས་གསོལ་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་སན་ཌི་ཡ་གོ་དང་སན་ཕ་རན་སི་སི་ཀོ་ San Francisco ས་ཁུལ་ནས་བོད་མི་དང་རྒྱ་རིགས་ཁག་གཅིག དེ་བཞིན་མཇལ་བཅར་བ་གཞན་བཅས་ཁྱོན་མི་གྲངས་ ༡༥༠ བརྒལ་བས་ཕེབས་བསུའི་སྣེ་ལེན་ཞུས། སྐབས་དེར་༸གོང་ས་མཆོག་གིས་ཀྱང་མང་ཚོགས་ལ་ཐུགས་བརྩེ་ཆེན་པོས་༸ཞལ་རས་འཛུམ་མདངས་ངང་འཚམས་འདྲི་མཛད།
མཛད་འཆར་ལྟར་ན་སང་ཉིན་རེས་གཟའ་པ་སངས་ཉིན་༸གོང་ས་མཆོག་གིས་ཐོག་མར་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་བསྩལ་གྲུབ་བསྟུན། ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ཏུ་མང་ཚོགས་ལ་བཀའ་སློབ་དང་། རེས་གཟའ་སྤེན་པའི་ཉིན་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡིན་འདུག
དེ་ཡང་ཐེངས་འདིར་༸གོང་ས་མཆོག་མཐོ་སློབ་དེར་གདན་འདྲེན་ཞུས་པར་མཐོ་སློབ་དེའི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ཁག་གཅིག་གིས་ངོ་རྒོལ་ཞུ་འཆར་ཡོད་ཀྱང་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་སི་ཊི་ཝན་ཨི་ཝན་སི་ Steven Evans ལགས་ཀྱིས་བརྗོད་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་སྐབས་རྒྱ་ནག་དང་ཉི་ཧོང་། སྦར་ཛིལ། ཕ་རན་སི་སོགས་ནས་ཁྱོན་གསར་འགོད་པ་ ༡༡༠ གནས་ཚུལ་འགྲེམས་སྤེལ་ཞུ་རྒྱུ་མ་ཟད། ཞབས་སྟེགས་གྲངས་ ༢༥༠༠༠ གོ་སྒྲིག་ཞུས་ཡོད། སྤྱིར་ཐེངས་འདིར་མི་མང་འདུ་འཛོམས་དེ་སྔ་ལས་ལྡབ་ལྔས་མང་བ་བཅར་རྒྱུ་ཡིན་འདུག ཅེས་གསུངས།
ཕྱོགས་མཚུངས་མཐོ་སློབ་དེའི་རིགས་བདག་ Chancellor སྐུ་ཞབས་པྲཱ་ཌིབ་ཁོ་སི་ལ་ Pradeep Khosla མཆོག་གིས་གསུང་དོན། མཐོ་སློབ་འདིའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོའི་གསུང་བཤད་དེ་མཐོ་སློབ་ཀྱི་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་དམིགས་ཡུལ་དང་ངེས་པར་དུ་མཐུན་པ་ཞིག་དགོས་ངེས་ཡིན་སྟབས། ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་པ་ཡིན། ཁོང་གིས་འཚེ་མེད་ཞི་བ་དང་བདེ་སྐྱིད། བྱམས་བརྩེ། ཆོས་ལུགས་མཐུན་སྒྲིལ་བཅས་གོང་མཐོར་གཏོང་གནང་མཛད་རྒྱུའི་རླབས་ཆེན་གྱི་མཛད་བཟང་དེ་དག་ནི་ང་ཚོའི་གཅེས་འཛིན་ཆེན་པོས་གོང་མཐོར་གཏོང་ཐབས་བྱེད་བཞིན་པའི་ལངས་ཕྱོགས་དང་ཡོངས་སུ་མཐུན་པ་ཞིག་ཆགས་ཡོད། ཅེས་གསུངས། །