༢༠༡༧ ཟླ་ ༥ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །བཀའ་ཤག་གིས་ལྷན་ཁང་ཁག་ལ་ཕུལ་བའི་བརྡ་ཁྱབ་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཨིན་ཡིག་དྲ་རྒྱའི་ tibet.net ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༦ ཉིན་སྤེལ་འདུག་པ་དེའི་ནང་དོན་ལྟར་ན། ཨིན་ཡིག་ཐོག་ནས་སྲིད་སྐྱོང་ Sikyong ཞེས་པའི་ཐ་སྙད་ལ་ཨིན་སྒྱུར་ཞུ་སྐབས་པྲེ་སི་ཌེན་ President ཞེས་འབྲི་དགོས་པ་ལས། གཞན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བོད་ཡིག་དྲ་རྒྱ་ 154.35.136.131 ནང་ ༼སྲིད་སྐྱོང་།༽ ཞེས་ཐ་སྙད་རང་སོར་གནས་དགོས་པ་ལས་སྒྲ་དོན་གང་ཡང་སྒྱུར་མི་དགོས་པའི་ལམ་སྟོན་ཕེབས་ཡོད།
དེང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེན་ཌི་སོགས་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ནིའུ་ཛི་ལེན་ཌི་རྒྱལ་ཡོངས་གསར་འགྱུར་བརྙན་འཕྲིན་ཚན་པ་ New Zealand Herald དང་། ཨོ་གླིང་རྒྱལ་ཡོངས་གསར་འགྱུར་བརྙན་འཕྲིན་ཚན་པ་ Australian Broadcasting Corporation བཅས་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་སྲིད་སྐྱོང་ Sikyong ཞེས་པ་ཨིན་སྒྱུར་ཞུ་སྐབས་པྲེ་སི་ཌེན་ President ཞེས་བཀོད་ཡོད་པ་བཅས།།