ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཇལ་འཕྲད། དེ་བཞིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གཞུང་འབྲེལ་དགའ་བསུའི་མཛད་སྒོ་གྲུབ་རྗེས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་བློན་ན་རན་ཌ་ར་མོ་ཌི་ Narendra Modi མཆོག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་རྒྱ་གར་གྱི་ཆེས་མཐོའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་སྐབས་ལྕམ་ནེན་སི་པི་ལོ་སི་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྣམ་པས་རྒྱ་གར་གཞུང་མང་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གཞུང་འབྲེལ་དགའ་བསུའི་མཛད་སྒོའི་སྐབས་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས། ང་ཚོ་འདིར་༸གོང་ས་མཆོག་མཇལ་ཁ་ཞུ་བར་བཅར་བ་ཡིན། གང་ཡིན་ཞེ་ན། ༧གོང་ས་མཆོག་གིས་ང་ཚོར་རེ་བ་དང་སྙིང་སྟོབས་སྤེལ་བཞིན་ཡོད། ༧གོང་ས་མཆོག་གིས་བ་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་དེར་ཐུགས་རེ་མཛད་བཞིན་པ་དེས་ང་ཚོར་བློ་སྟོབས་སྐྱེ་བཞིན་འདུག
ཁ་སང་ང་ཚོ་བོད་ཁྱིམ་སློབ་གྲྭར་བསྐྱོད་སྐབས་སློབ་ཕྲུག་ཚོའི་བསམ་བློའི་ཞེ་ཕུགས་དེར་ཉིན་གཅིག་ཁོང་ཚོ་རང་ཡུལ་བོད་ལ་ལོག་ཐུབ་རྒྱུ་རེད་སྙམ་པའི་རེ་བ་བྱེད་བཞིན་འདུག ཕྱོགས་མཚུངས་ཁ་སང་དགོང་མོར་བོད་ཀྱི་ཟློས་གར་དང་དེ་རིང་འདིར་སླར་ཡང་རིག་གཞུང་འཁྲབ་སྟོན་དེ་དག་ལ་ལྟ་སྐབས་བོད་ཀྱི་རིག་གཞུང་འཁྲབ་སྟོན་བསྲེས་ལྷད་མེད་པའི་ཐོག་ནས་སླར་ཡང་བོད་ནང་ཉམས་གསོ་གནང་ཐུབ་པའི་ཡིད་ཆེས་གནང་བཞིན་ཡོད་པ་གསལ་པོ་རེད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་ལྷན་ཚོགས་འདུ་ཚོགས་སྐབས་ལྕམ་ནེན་སི་པི་ལོ་སི་མཆོག་གིས། དེ་སྔ་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༡༡ ནང་བོད་ནང་འཚམས་གཟིགས་སུ་བསྐྱོད་པའི་ཐུགས་དྲན་གསོ་གནང་བ་དང་སྦྲགས་ཁོང་གིས་རྒྱ་མིའི་དཔོན་རིགས་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་དང་། སྙིང་རྗེའི་རང་གཟུགས་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།
གཞན་ཡང་ནེན་སི་པི་ལོ་སི་མཆོག་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བོད་མི་ཡོངས་ལ་འགོ་ཁྲིད་ཧ་ཅང་བཟང་པོ་གནང་གི་ཡོད་སྐོར་དང་། བོད་མིའི་མང་གཙོ་ནི་ཡང་དག་པའི་མང་གཙོ་ཡིན་པ། དེ་བཞིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནི་གུས་བརྩི་འོས་པའི་འགོ་ཁྲིད་ཅིག་ཡིན་པ་མ་ཟད་བོད་དོན་ཐོག་དོ་སྣང་ཡོད་མཁན་ཡོངས་ལ་སེམས་ཤུགས་སྐྱེ་རྒྱའི་འབྱུང་ཁུངས་ཡིན་སྐོར་སོགས་གསུང་ཡོད།།