ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༣ ཉིན་རྡ་སའི་ཉེ་འགྲམ་ཤེས་རབ་དགའ་ཚལ་སློབ་གྲྭའི་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བླ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི། དེ་བཞིན་སློབ་གྲྭའི་འགན་བདག་བཅས་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྣེ་ལེན་གྱི་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་མཛད་སྒོ་དབུ་འཛུགས་སྐབས་ཐོག་མར་ཚང་མས་སྐུ་བཞེངས་ཐོག་བོད་ཀྱི་རྒྱལ་གླུ་བཏང་བ་དང་སྦྲགས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས།
མཛད་རིམ་གཉིས་པའི་ཐོག་སློབ་གྲྭའི་སློབ་སྤྱིས་བསླབ་པ་མཐར་སོན་གྱི་སློབ་མ་ཚོའི་གནས་སྟངས་ཞིབ་ཕྲ་ངོ་སྤྲོད་ཞུས། དེའི་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསླབ་པ་མཐར་ཕྱིན་སློབ་མ་ཚོར་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་དོན། རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ལ་ཕ་མ་ལྟ་བུར་བརྩིས་ཏེ་འདིར་ཕེབས་ཡོད་པར་བརྟེན། ལྟ་རྟོག་བྱེད་རྒྱུ་ང་ཚོའི་ལས་འགན་རེད། ང་ཚོའི་ངོས་ནས་སློབ་སྦྱོང་སྤུས་ཚད་ལྡན་པ་སྤྲོད་རྒྱུར་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། འཛིན་རིམ་བཅུ་གཉིས་ཐོན་རྗེས་མཐོ་སློབ་ཁག་ཏུ་མུ་མཐུད་སློབ་སྦྱོང་སླད་ཕེབས་ཀྱི་ཡིན་ན། སློབ་སྦྱོང་གང་གནང་འདོད་ཡོད་ནའང་སློབ་ཡོན་གནང་རྒྱུ་ནི་ང་ཚོའི་ཐོག་འགན་ཡོད། སློབ་ཕྲུག་རྣམས་ནས་སློབ་སྦྱོང་ཡག་པོ་གནང་སྟེ་མ་འོངས་བོད་ཀྱི་འགོ་ཁྲིད་མིག་དཔེ་འོས་པ་ཞིག་གནང་དགོས། ཞེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་ཉེ་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་རྡ་སར་འཚམས་གཟིགས་ཕེབས་པ་དེ་ཉིད་ཇི་ཙམ་གལ་ཆེན་པོ་ཡིན་སྐོར་གསུང་དོན། ཟླ་འདིའི་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ་རྡ་རམ་ས་ལར་འཚམས་གཟིགས་ཕེབས་ཡོད། ལྕམ་ནེན་སི་པེ་ལོ་སི་མཆོག་ནི་དེ་སྔོན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རེད། ད་ལྟ་ཡིན་ནའང་ཨ་རིའི་མང་གཙོ་ཚོགས་པ་ཡོངས་ཀྱི་འགོ་ཁྲིད་རེད། ཁོང་རྣམ་པ་འདིར་རྡ་སར་རྒྱབ་སྐྱོར་གནང་ཆེད་ཕེབས་པ་ཙམ་མིན་པར་བལ་ཡུལ་དུ་ཕེབས་ཏེ་བལ་ཡུལ་གྱི་སྲིད་བློན་དང་གྲོས་ཚོགས་ཀྱི་ཚོགས་གཙོ། ཕྱི་སྲིད་བློན་ཆེན་བཅས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་ཞུས་ཡོད་པ་དང་། བལ་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་སྟེ་བལ་ཡུལ་ནང་ཡོད་པའི་བོད་མི་ཚོར་གང་གནང་གི་ཡོད་སྐོར་དང། བལ་ཡུལ་ནང་ཡོད་པའི་བོད་པ་ཚོར་ཡིག་ཆ་དང་། རྒྱབ་སྐྱོར་གནང་དགོས། ཞེས་གསུང་སྐབས་རྒྱ་ནག་གི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་སྐོར་བརྗོད་ཀྱི་འདུག འདི་ག་རྡ་ས་ནས་ཕེབས་ཏེ་ལྡི་ལིར་རྒྱ་གར་གྱི་སྲིད་བློན་ན་རན་ཌ་ར་མོ་ཌི་མཆོག་དང་། ཕྱི་སྲིད་བློན་ཆེན་མཆོག་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་གླེང་སློང་གནང་ཡོད། ཅེས་དང་།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ང་ཚོ་བོད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་རྒྱུར་ཐེ་ཚོམ་མེད། གང་ཡིན་ཞེ་ན། ང་ཚོའི་མི་རིགས་ཀྱི་གཞི་བཞག་ས་ནི་ནང་ཆོས་རེད། རྒྱ་ནག་གིས་གཞི་བཞག་ས་ནི་དམར་ཤོག་གི་ལྟ་གྲུབ་རེད། ནང་ཆོས་ལ་མཚོན་ན། ལོ་ ༢༥༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ལྟ་གྲུབ་ཅིག་ཡིན། ནང་ཆོས་དང་དམར་ཤོག་ལྟ་གྲུབ་གཉིས་བསྡུར་ཐབས་རྩ་བ་ནས་མེད།
ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕི་རི་ཀའི་སྲིད་འཛིམ་དམ་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་ Nelson Mandela མཆོག་དང་འབར་མའི་དབུ་ཁྲིད་ལྕམ་སྐུ་ཨང་སང་སུ་ཀི་ Aung San Suu Kyi མཆོག་སོགས་ཀྱིས་འཐབ་རྩོད་ལ་ཐོག་མར་རེ་བ་མེད་པ་ལྟ་བུར་བརྗོད་མཁན་བྱུང་ཡོད་ཀྱང་། རྗེས་སུ་གྲུབ་འབྲས་ཐོན་པ་ཞིག་བྱུང་ཡོད། དེར་བརྟེན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་བོད་དོན་བདེན་མཐའ་ཏན་ཏན་གསལ་གྱི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།།