༢༠༡༧ ཟླ་ ༥ ཚེས་ ༢ རེས་གཟའ་མིག་དམར།
༄༅། །སུད་སིར་གནས་སྡོད་བོད་མི་ཁྱིམ་ཚང་དྲུག་གིས་མ་སྐུལ་དང་བླངས་ཐོག་ནས་སྦེལ་འཇམ་རྒྱལ་ས་སྦར་སེལ་ནང་དུ་བོད་དོན་ལས་འགུལ་སྤེལ་འདུག སྐབས་དེར་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་མགྲོན་འབོད་ལྟར་ལས་འགུལ་ཐོག་མཉམ་ཞུགས་གནང་སྟེ་བོད་མི་དེ་དག་གི་ལྷག་བསམ་དང་སྙིང་སྟོབས་ལ་བསྔགས་བརྗོད་རྒྱ་ཆེ་གནང་བ་དང་སྦྲགས། དོན་ཁང་ངོས་ནས་ལས་འགུལ་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་ཐུབ་པར་དགའ་སྤོབས་བྱུང་ཚུལ་གསུངས།
སྤྱིར་བོད་མི་དེ་དག་གིས་ཕྱི་ལོ་ ༢༠༡༢ ལོར་ལས་འགུལ་དེ་ཐོག་མར་སུད་སིར་འགོ་འཛུགས་གནང་ནས་ད་རེས་ལས་འགུལ་སྤེལ་ཐེངས་ ༦༧ ཆགས་འདུག གཞན་ཡང་ལས་འགུལ་ཐོག་བོད་མི་ཙམ་མ་ཟད། ཡུ་རོབ་སྤྱི་མཐུན་གྱི་ཨི་སི་ཏོ་ནི་ཡའི་ Estonia གྲོས་ཚོགས་འཐུས་མི་སྐུ་ཞབས་ཏུན་ནེ་ཀེ་ལམ་ Tunne Kelam མཆོག་དང་ཁོང་གི་ཕྱག་རོགས། སྦེལ་འཇམ་བོད་རིགས་ཚོགས་པའི་ཚོགས་གཙོ། སྦར་སེལ་སྐུ་ཚབ་དོན་ཁང་གི་ཡུ་རོབ་བོད་དོན་ཞུ་གཏུག་ཆེད་ཕྱག་ལས་གནང་མཁན་སོགས་ཕེབས་འདུག
སྐབས་དེར་ལས་འགུལ་ཚོགས་པའི་མགྲིན་ཚབ་པ་ཆོས་སྒྲོན་སྟག་ཚང་ལགས་ཀྱིས་ལས་འགུལ་སྐོར་ཐོག་མར་ངོ་སྤྲོད་གནང་བ་དང་སྦྲགས། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སོགས་ཞིབ་ཕྲ་ངོ་སྤྲོད་གནང་དོན། བོད་མི་ཚོར་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་རྒྱུའི་ཐབས་གཞན་རྩ་བ་ནས་ལྷག་མེད་པར་བརྟེན། ད་ཆ་བོད་མི་ཚོ་འ་ཆད་འུ་ཐུག་གི་གནས་སུ་གྱར་ནས་རང་ལུས་མེར་སྲེག་བཏང་བའི་ལམ་ནས་ཞི་རྒོལ་བྱེད་དགོས་པ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་བོད་མི་ ༡༤༧ རང་ལུས་མེར་སྲེག་བཏང་ཡོད་པ་དང་། དེའི་ཁྲོད་བོད་མི་ ༡༢༦ འདས་གྲོངས་སུ་གྱུར་བའི་སྐོར་སོགས་ཞིབ་ཕྲ་གསུངས།
ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་ལམ་མཆོག་གིས་ལས་འགུལ་དེར་གདུང་སེམས་མཉམ་སྐྱེ་དང་སྦྲགས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་པ་མ་ཟད། ཨི་སི་ཏོ་ནི་ཡ་ལྟ་བུར་མཚོན་ན་ལོ་ངོ་ ༥༠ རིང་དམར་ཤོག་རིང་ལུགས་འོག་དཀའ་སྡུག་ཚད་མེད་མྱངས་པའི་སྐོར་དྲན་གསོ་གནང་བ་དང་སྦྲགས་གསུང་དོན། ང་ཚོའང་བོད་མི་ཚོ་དང་འདྲ་བར་དམར་པོའི་རིང་ལུགས་འོག་ཐུབ་ཚོད་དང་གཉའ་གནོན། དམ་བསྒྲགས་སོགས་ཀྱི་གནས་སྟངས་འོག་དཀའ་སྡུག་ཧ་ཅང་མྱངས་ཡོད་སྟབས་བོད་མི་ཚོའི་དཀའ་ངལ་ལ་བསམ་ཤེས་བྱེད་ཐུབ་ཀྱི་འདུག ཅེས་སོགས་གསུངས། ཕྱོགས་མཚུངས་ཁོང་གིས་ཡུ་རོབ་ཕྱི་འབྲེལ་སྲིད་བྱུས་ལས་དོན་ཚན་པར་ European External Action Service བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ངེས་པར་དུ་དོ་སྣང་གནང་ནས་བོད་མིའི་དཀའ་ངལ་སེལ་ཐབས་སླད་རོགས་རམ་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག
གཞན་ཡང་སྦར་སེལ་སྐུ་ཚབ་དོན་ཁང་གི་ཡུ་རོབ་བོད་དོན་ཞུ་གཏུག་ཚན་པའི་འབྲེལ་ཡོད་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། བོད་མི་ལས་འགུལ་བའི་ཚོགས་གཙོ་སྟག་ཚང་དཀོན་མཆོག་དང་ལྷན་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ས་ཊབ་རོ་སི་ལམ་སྦི་རི་ནི་དི་སི་ Stavros Lambrinidis མཆོག་ལ་འབུལ་རྒྱུའི་བོད་དོན་ཞུ་ཡིག་དེ་ཁོང་གི་ཕྱག་རོགས་ལྕམ་སྐུ་དེར་ཡ་ Derya མཆོག་བརྒྱུད་འབུལ་ལམ་ཞུས།
སྐབས་དེར་སྦེལ་འཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཚེ་རིང་ལགས་ཀྱིས་ལས་འགུལ་དེར་བསྔགས་བརྗོད་རྒྱ་ཆེ་ཞུས། ཐེངས་འདིར་ལས་འགུལ་བ་ཚོས་དགོས་འདུན་གཙོ་བོ་རྣམས་ནི།
གསེར་རྟ་བླ་རུང་སྒར་དང་ཡར་ཆེན་སྒར་གཏོར་བཤིག་འཕྲལ་མར་མཚམས་འཇོགས་དགོས་པ་དང་།
བོད་ནང་དུ་ཡུ་རོབ་སྤྱི་མཐུན་ཚོགས་པས་རང་དབང་ཅན་གྱི་མཁས་ལས་མི་སྣ་ཆེད་གཏོང་གནང་རྒྱུ།
རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད་མེད་གསལ་བཤད་དགོས་པ།
རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་ཞི་མོལ་མགྱོགས་མྱུར་དགོས་པ། བཅས་ཡིན་འདུག ཕྱི་ཚེས་ ༣ ཉིན་ལས་འགུལ་དེ་ཉིད་ལུག་སུམ་སྦག་ Luxembourg ཏུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ཀྱི་མདུན་དུ་གནང་རྒྱུ་ཡིན་འདུག་པ་བཅས།།