༢༠༡༧ ཟླ་ ༥ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣ ནས་ ༦ བར་ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་པའི་ཀུ་ལུ་དང་མ་ནཱ་ལིའི་བོད་མིའི་གཞིས་སྒར་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
ཕྱོགས་ཕེབས་སྐབས་གཙོ་བོ་བཀའ་བློན་མཆོག་གིས་སྐབས་ ༡༥ བཀའ་ཤག་གི་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ལྟ་གྲུབ་གཙོ་བོ་གསུམ་དང་། བོད་མིའི་འཐབ་རྩོད་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་ཐབས་བྱུས་སྐོར་ཙམ་མ་ཟད། གཞན་ཡང་བོད་མིའི་འཕྲོད་བསྟེན་དང་འབྲེལ་ནད་རིགས་སྔོན་འགོག་དང་། འགོས་ནད་རིགས། དེ་བཞིན་རྒྱུན་ལྡན་སྤྱོད་ལམ་སོགས་མ་འགྲིག་པ་ལ་བརྟེན་ནས་བྱུང་བའི་ནད་རིགས་ངོ་སྤྲོད་དང་དེར་གདོང་ལེན་བྱེད་སྟངས་སྐོར་གོ་རྟོགས་སྤེལ་ཡོད།
གཞན་ཡང་བཀའ་བློན་མཆོག་གིས་བྷུན་ཏར་ནང་ཡོད་པའི་འབྲུག་བདེ་ཆེན་ཆོས་འཁོར་གླིང་དང་ཀུ་ལུ་ས་གནས་སུ་ཡོད་པའི་དཔལ་མཉམ་མེད་དྭགས་པོ་བཤད་སྒྲུབ་གླིང་དགོན་པ་སོགས་སུ་གནས་མཇལ་དུ་ཕེབས་ཡོད་པ་མ་ཟད། བཀྲ་ཤིས་ལྗོངས་དང་པཏླི་ཀུལ། མ་ནཱ་ལི་སོགས་སུ་འཚམས་གཟིགས་དང་། ཁུལ་དེའི་འཕྲོད་བསྟེན་སྨན་ཁང་སོགས་སུའང་ཕེབས་ནས་སྨན་ཁང་གི་གནས་སྟངས་དང་མཐུན་རྐྱེན་ཇི་ཡོད་ཤེས་རྟོགས་སླད་འཚམས་གཟིགས་གནང་འདུག
དེ་བཞིན་བཀའ་བློན་མཆོག་གིས་ཀུ་ལུ་བོད་མིའི་གཞིས་ཆགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་མཐུན་འགྱུར་འོག་གསར་དུ་བཞེངས་པའི་སིལ་སྦོལ་རྩེད་ཐང་དབུ་འབྱེད་གནང་ཡོད་པ་མ་ཟད། ས་གནས་རྫོང་དཔོན་སྐུ་ཞབས་ཡོ་ན་སི་ Mr.Younus མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཁུལ་དེར་གཞུང་གི་གཞུང་ལམ་བཟོ་རྒྱུའི་ལས་འཆར་གྱི་ས་ཁྲའི་ནང་ཚུད་པའི་བོད་མིའི་སྡོད་ཁང་ཁག་གཅིག་ལ་འཕྲད་བཞིན་པའི་དཀའ་ངལ་དང་། དེ་བཞིན་ཆུ་གློག་དང་ས་ཞིང་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་པའི་ཐོག་བཀའ་བསྡུར་གནང་འདུག་པ་བཅས།།