༢༠༡༧ ཟླ་ ༥ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ Democrat འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་དང་ཕི་ལོ་རི་ཌ་ Florida མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ Republican ལྕམ་སྐུ་ཨི་ལེ་ཡ་ན་ལེ་ཊི་ནེན་ Ileana Ros-Lehtinen མཆོག་གིས་གྲོས་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མདུན་དུ་བཤམས་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན། ཕྱི་ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཁོང་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་བར་བརྟེན། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གིས་བོད་མིའི་ཆོད་དད་དང་འགྲུལ་བསྐྱོད་རང་དབང་སོགས་ལ་དམ་བསྒྲགས་བསུན་གཙེར་བཟོ་བཞིན་པ་དེ་དག་སྐུ་ཉིད་མཆོག་གིས་གསལ་སྟོན་གནང་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད། དེར་བརྟེན་བོད་མི་ཡོངས་ལ་མུ་མཐུད་བོད་དོན་ལས་འགུལ་མདུན་བསྐྱོད་བྱ་རྒྱུར་སྙིང་སྟོབས་སྤེལ་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་གཞན་དང་སྐུ་ཉིད་མཆོག་གི་སྲིད་གཞུང་ངོས་ནས་ཀྱང་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་སེམས་འགུལ་གཏོང་རྒྱུའི་རེ་བ་ཞུ་བཞིན་ཡོད། སླད་ཕྱིན་ཆོད་སེམས་མུ་མཐུད་རྒྱུན་སྐྱོང་ཐོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་མུ་མཐུད་རྒྱུ་དང་། འབྱུང་འགྱུར་འཐབ་རྩོད་ཀྱི་ལས་དོན་རྣམས་ལམ་ལྷོང་ལྡན་པར་ཡོང་རྒྱུར་སྨོན། ཞེས་འཁོད།
མ་ཡིག་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་མ་ཡིག་དེར་རྩ་འཛིན་ཡོང་བ་ཞུ།།