༢༠༡༧ ཟླ་ ༥ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ནིའུ་ཛི་ལེན་ཌིའི་ New Zealnd རྒྱལ་ས་ཨོག་ལེན་ཌིར་ Auckland རྟེན་གཞི་བྱས་པའི་བྷི་ཆི་ཧེ་ཝེན་ Beach Haven Hall ཚོགས་ཁང་ནང་དུ་མི་གྲངས་ ༢༥༠ ཙམ་ལ་བོད་དང་རྒྱ་ནག་གཉིས་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས། དེ་བཞིན་མ་འོངས་པར་བོད་རྒྱའི་གནད་དོན་ཁ་ཕྱོགས་ཇི་འདྲ་ཞིག་ཐོག་ལ་འགྲོ་རྒྱུ་བཅས་སྐོར་བགྲོ་གླེང་གསུང་བཤད་གནང་འདུག བགྲོ་གླེང་ལྷན་ཚོགས་སྐབས་ས་གནས་བོད་མི་དང་རྒྱ་རིགས། དེ་བཞིན་ནིའུ་ཛི་ལེན་ཌི་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་དང་བོད་ཀྱི་གནས་སྟངས་སྐོར་ཡག་པོ་ཤེས་དགོས་ན། རྒྱ་ནག་སྐོར་ལ་ངེས་པར་དུ་ཤེས་དགོས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་སྐྱོང་བྱེད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ཀྱི་གནད་དོན་སེལ་ཐབས་བྱེད་བཞིན་པའི་སྐོར། བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དང་། བོད་མི་ཚོས་རང་གི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་སྤྱི་དང་ལྷག་པར་ཨེ་ཤི་ཡེའི་གཙང་པོ་མང་པོ་ཞིག་བོད་ནས་ཡོང་བཞིན་ཡོད་སྟབས་ཨེ་ཤི་ཡའི་མི་འབོར་དུང་ཕྱུར་མང་པོའི་འཚོ་བར་བོད་ཀྱི་ཁོར་ཡུག་དེ་གལ་གནད་ཇི་ཙམ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས།
ཕྱོགས་མཚུངས་བོད་མིའི་ཤེས་ཡོན་ཚགས་ཚུད་ཡོང་སླད་བཀའ་ཤག་གིས་ཆེད་མངགས་སྲིད་བྱུས་གཏན་འདེབས་ཐོག་ནས་ཤེས་ཡོན་གོང་མཐོར་གཏོང་ཐབས་གནང་བཞིན་པའི་སྐོར་གསུངས་རྗེས་སྲིད་སྐྱོང་མཆོག་གིས་ཡུལ་མི་ཚོར། བོད་མིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་བཞིན་པར་རྒྱབ་སྐྱོར་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག
དེ་རྗེས་སྲིད་སྐྱོང་མཆོག་གིས་ཡུལ་དེའི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལ་ཕྱག་རྟགས་འབུལ་ལམ་ཞུས། སྤྱིར་དེ་ཉིན་གྱི་སྔ་དྲོ་སྲིད་སྐྱོང་མཆོག་གིས་ཡུལ་དེའི་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ Radio New Zealand གི་གསར་འགོད་པ་སྐུ་ཞབས་ Guyan Espiner ལགས་སོགས་ཀྱི་ཆེད་དོན་དྲི་བར་ལན་འདེབས་གསལ་བཤད་གནང་འདུག་པ་བཅས།།