༢༠༡༧ ཟླ་ ༥ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡའི་Australia གྲོང་ཁྱེར་བྷི་རི་སི་བྷེན་ Brisbane ཁུལ་གནས་སྡོད་བོད་མི་ཆབ་སྲིད་བཙོན་ཟུར་རྣམས་དང་། ས་གནས་བོད་རིགས་ཚོགས་པའི་ཚོགས་མི། བོད་རིགས་མང་ཚོགས་བཅས་ལ་བོད་མིའི་འཐབ་རྩོད་སྤྱི་དང་ལྷག་པར་བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་གནང་གལ་ཆེ་སྐོར་གསུངས་པ་མ་ཟད།
༸གོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་དོན་ལྟར། སྐབས་ ༡༥ བཀའ་ཤག་གིས་ལྔ་དང་ལྔ་བཅུའི་ཐབས་བྱུས་འོག་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་ཙམ་མ་ཟད། འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་མིའི་སྒྲིག་འཛུགས་མུ་མཐུད་སྲ་བརྟན་ངང་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་པའི་དུས་ཚོད་གཅིག་འཆར་ཡང་དེ་ལྟར་བྱེད་ཐུབ་པ་ཞིག་བཟོ་རྒྱུར་དམིགས་ཏེ་ལས་འཆར་བང་སྒྲིག་བཞིན་ཡོད་ཚུལ་སོགས་གསུངས།
གོང་ཚེས་ཉིན་གྱི་ཕྱེད་ཡོལ་རྱཱན་ཇེསྤར་ཝལ་ཤི་ལགས་ Ryan Jasper Walsh ལགས་དང་། མག་གྷོལ་ཌི། Mark Gould ལགས། ཤེང་ལུ་ Sheng Lu ལགས་བཅས་ཀྱིས་གསེར་རྟ་བླ་རུང་སྒར་ཐོག མི་རྟག་པ། ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་གནང་བཞིན་པ་དེའི་སྐོར་བཅར་འདྲི་ཞུས་པ་སྲིད་སྐྱོང་མཆོག་གིས་དང་ལེན་གནང་། བརྙན་འཕྲིན་ཚན་པ་དེ་རིང་མིན་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བརྙན་འཕྲིན་ཚན་པ་ Australian Broadcasting Corporation སོགས་ནང་རྒྱང་སྲིང་གནང་རྒྱུ་ཡིན་འདུག
ཕྱི་དྲོ་སྲིད་སྐྱོང་མཆོག་གིས་བོད་ཀྱི་དུས་སྟོན་ཐེངས་ ༩ ཐོག་ཟུར་ཉན་དུ་བཅར་བའི་ཕྱི་རྒྱལ་མི་རིགས་སྐུ་ཞབས་པོལ་བྷརྐལེ་ Paul Barclay ལགས་དང་ལྷན་གླེང་མོལ་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་། དེ་ཡང་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ལས་རིམ་ཚན་པ་དེ་བདུན་ཕྲག་རྗེས་མའི་ནང་ཨོ་གླིང་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ ABC National Radio ནས་རྒྱང་སྲིང་གནང་རྒྱུ་ཡིན་འདུག སྤྱིར་སྐུ་ཞབས་པོལ་བྷརྐལེ་ལགས་ནི་ཨོ་གླིང་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་གི་སྦིག་ཨཡི་ཌི་ཡ་ Big Ideas ཞེས་པའི་ལས་རིམ་གཙོ་སྐྱོང་གནང་མཁན་ཡིན་པ་མ་ཟད། ཡུལ་དེའི་གྲགས་ཆེ་བའི་ཝལྐེ་ལེ་གཟེངས་རྟགས་ Walkley Award ཞེས་པ་ཐོབ་མྱོང་ཡོད་འདུག
གཞན་ཡང་ཉིན་དེའི་སྔ་དྲོ་སྲིད་སྐྱོང་མཆོག་གིས་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་རིགས་སློབ་ཕྲུག་ཁག་ལ་བོད་རྒྱ་གཉིས་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་འབྲེལ་ལམ་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་རྒྱུ་མཚན་འགྲེལ་བརྗོད་དང་འབྲེལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རིག་གནས་གསར་བརྗེ་སྐབས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་ཡོད་པ། ༸རྒྱལ་བའི་བཀའ་བསྟན་གྱི་གསུང་རབ་རྩ་ཆེ་ཁག་ཧ་ཅང་མང་པོ་མེར་བསྲེགས་བཏང་བ་དང་། དེ་བཞིན་བོད་མི་གྲྭ་བཙུན་རྣམས་ཉེས་མེད་འོག་འཛིན་བཟུང་དང་མནར་གཅོད་བཏང་ཡོད་སྐོར། རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱ་ཧན་མི་རིགས་གནས་སྤོ་བྱེད་རྒྱུའི་སྲིད་བྱུས་ལ་བརྟེན་ནས་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་ཡོད་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་བོད་རྒྱ་མི་རིགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། ལྷག་པར་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་འབབ་རྩོད་རྒྱུའི་ཆ་རྐྱེན་གསལ་བ་ལྟར་འབད་བརྩོན་བྱེད་བཞིན་ཡོད་སྐོར་གསུངས།
ཕྱི་ཚེས་ ༣༠ ནས་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌི་ཡུལ་གྱི་རྒྱལ་ས་ཝེ་ལིངྒ་ཊོན་དང་། གྲོང་ཁྱེར་ཨོཀ་ལེན་ཌི། ཌི་ནི་ཌན་བཅས་སུ་ཉིན་གྲངས་བཞིའི་རིང་འཚམས་གཟིགས་གནང་རྒྱུ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ལྷན་བཅར་ཞུ་རྒྱུ་ཡིན་འདུག །