༢༠༡༧ ཟླ་ ༥ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༩ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀ་རྨ་ཡེ་ཤེས་མཆོག་སྦག་ཌོ་ར་གནམ་ཐང་དུ་ཕེབས་འབྱོར་སྐབས་བྱང་ཤར་ཁུལ་གྱི་བོད་མིའི་ས་གནས་འགོ་འཛིན་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དེ་རྗེས་སྒང་ཏོག་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཁུལ་དེར་ཕེབས་འབྱོར་སྐབས་སྒང་ཏོག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་གྲོང་སྡེ་ལས་ཁུངས་སུ་ཡོད་པའི་བོད་མིའི་སྐུ་ཚབ། དགོན་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མི་མང་བཅས་ནས་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༢༠ ཉིན་སྒང་ཏོག་བོད་ཀྱི་གསོལ་མགྲོན་དུ་བཞུགས་མོལ་ཚོགས་འདུ་དང་ཉིན་རྒྱབ་མི་མང་ཚོགས་ཆེན་ཚོགས་ཡོད། ཕྱི་ཚེས་ ༢༡ ཉིན་ས་གནས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་དང་སྒང་ཏོག་མངའ་སྡེའི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་ལྕམ་སྐུ་ཇོ་མོ་ལགས་དང་མཇལ་འཕྲད་གནང་གྲུབ་བསྟུན། ནང་པའི་དགོན་སྡེ་ཁག་ལ་གནས་མཇལ་དང་ཉིན་རྒྱབ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བྱེས་ཀྱི་གདན་ས་རུམ་བཏེག་དགོན་པར་གནས་གཟིགས་དང་འབྲེལ་དགེ་འདུན་པ་དང་མང་ཚོགས་ལ་གསུང་བཤད་གནང་། ཕྱི་ཚེས་ ༢༢ ཉིན་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་རྗེས་ས་གནས་འགོ་འཛིན་དང་ལས་ཁུངས་ཁག་ལ་འཚམས་གཟིགས་གནང། དེ་ནས་ཆུ་ཚོད་ ༡༡ ཐོག་མི་མང་ཚོགས་ཆེན་གྲུབ་རྗེས་སཾ་བྷོ་ཊ་ཉིན་སློབ་ཏུ་འཚམས་གཟིགས་དང་འབྲེལ་སློབ་གྲྭའི་དགེ་ལས་མཉམ་བཞུགས་མོལ་ཚོགས་འདུ་དང་སློབ་ཕྲུག་ཚོར་སློབ་སྦྱོང་དང་འབྲེལ་བའི་འདྲི་རྩད་གནང། ཕྱི་ཚེས་ ༢༣ ཉིན་ས་གནས་ཀྱི་ར་ཝང་ལ་དགོན་པ་དང་ར་ལང་དགོན་པར་གནས་གཟིགས་གནང་།
ཕྱི་ཚེས་ ༢༤ ཉིན་གྱི་ཆུ་ཚོད་ ༡།༣༠ ཐོག་ཀ་སྦུག་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དང་། ས་འཐུས་དང་རང་ཚོགས་ཀྱི་ཚོགས་གཙོ་བཅས་ནས་ཕེབས་བསུ་ཞུས། དེ་རྗེས་ཆུ་ཚོད་ ༢ ཐོག་ཀ་སྦུག་དགོན་སྡེ་ཁག་གི་དབུ་ལས། གཏན་སློབ་ཀྱི་རེག་ཊར། འཕགས་བོད་ནང་བསྟན་སློབ་གྲྭའི་སྐུ་ཚབ། ཡན་ལག་སྨན་རྩིས་ཁང་གི་སྨན་པ། ས་གནས་གཞོན་ནུ་དང་བུད་མེད་བཅས་ནས་བཞུགས་གནས་བདེ་སྐྱིད་གླིང་མགྲོན་ཁང་དུ་ཕེབས་བསུའི་སྣེ་ལེན་ཞུས།
ཕྱི་ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་སྲུང་བརྩི་མཛད་སྒོར་དབུ་བཞུགས་གནང་། དེ་རྗེས་མི་མང་ཚོགས་ཆེན་དང་ས་གནས་འགོ་འཛིན་ལས་ཁུངས་དང་ཡན་ལག་སྨན་རྩིས་ཁང་། རྒས་གསོ་ཁང་བཅས་ལ་འཚམས་གཟིགས་གནང་། དེ་ཉིན་ཚོུད་ ༡༢ ཐོག་ཀ་སྦུག་གཏན་སློབ་ལ་འཚམས་གཟིགས་སྐབས་གཏན་སློབ་ཀྱི་རེག་ཊར་གྱིས་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་མཚམས་བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་སློབ་ཕྲུག་ཚོར་བླང་དོར་ལམ་སྟོན་གསུང་བཤད་གནང་། དེ་བཞིན་དེ་ཉིན་གྱི་ཕྱེད་ཡོལ་ཀ་སྦུག་དགོན་སྡེ་ཁག་ལ་གནས་མཇལ་ཕེབས།
ཕྱི་ཚེས་ ༢༦ ཉིན་ཨོག་ལ་སྦ་རིར་ཕེབས་ཏེ་ཁུལ་དེའི་མི་མང་ཚོགས་ཁང་ནང་མི་མང་ཚོགས་འདུ་དང་གསུང་བཤད། དེ་རྗེས་ཨོག་ལ་སྦ་རི་ནས་རྫའི་སྒང་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས་རྫའི་སྒང་མི་མང་ཚོགས་ཁང་ནང་ཚོགས་འདུ་ཚོགས་ཡོད། ཕྱི་ཚེས་ ༢༧ ཉིན་རྫའི་སྒང་ནས་ས་ལུ་སྒར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས་མི་མང་ཚོགས་འདུ་དང་དགོན་པར་གནས་མཇལ་ཕེབས། དེ་རྗེས་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞིར་མི་མང་མཉམ་ཞུགས་དགོས་གལ་གྱི་སྦྱོང་བརྡར་གྱི་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་ཀྱིས། སྦྱོང་བརྡར་བ་རྣམས་རུ་ཁག་བཞི་རུ་ཕྱེ་སྟེ་རུ་ཁག་སོ་སོའི་སྐུ་ཚབ་ནས་སྦྱོང་བརྡར་དང་འབྲེལ་བའི་སློབ་ཚན་ཐོག་འགྲེལ་བཤད་སྙན་སྒྲོན་ཞུས། དེ་རྗེས་བཀའ་བློན་མཆོག་གིས་ལམ་སྟོན་གསུང་བཤད་གནང། ཕྱི་ཚེས་ ༢༨ ཉིན་རྡོར་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ད་ལྟ་ས་གནས་སུ་འཚམས་གཟིགས་གནང་བཞིན་ཡོད་པ་བཅས།།