ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །མཚུངས་མེད་ས་གནས་འགོ་འཛིན་རྣམ་པ་དང་། སྨན་ཁང་འགན་འཛིན་ལྷན་རྒྱས་མཆོག་ལ།
ཆེད་ཞུ། རྒྱ་གར་གཞུང་ནས་ལོ་ལྟར་བོད་ཕྲུག་གསུམ་ལ་ཕྱི་ལུགས་སྨན་པའི་སློབ་སྦྱོང་ཆེད་ས་མིག་ཟུར་བཅད་ཞབས་སྟེགས་ MBBS Reserved seats གནང་མུས་ཚོ་སློབ་ཐོན་ཟིན་འཕྲལ་རང་རེའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སྨན་ཁང་གང་རུང་ནང་ཞབས་ཞུ་བསྒྲུབ་དགོས་སྐོར་གན་ཡིག་འཇོག་མུས་བཞིན། ད་བར་སྨན་པ་མང་ཆེ་བས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་དེ་ལྟར་ཡང་། ཞབས་ཞུའི་དུས་ཡུན་གཙང་འཕྲལ་ཕལ་ཆེ་བས་དགོངས་ཞུས་ཀྱིས་མུ་མཐུད་གནས་མིན་དང་། ཁག་གཅིག་གིས་ཞབས་ཞུ་མ་གནང་བ་བཅས་ཀྱི་རྐྱེན་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་ནང་རང་རིགས་སྨན་པ་མ་འདང་བའི་དཀའ་ངལ་ཆེ་འཕྲད་ཐོག གཞིས་ཆགས་ཁག་གི་རང་རིགས་བགྲེས་སོང་གཙོས་ནད་པ་རྣམས་ཀྱི་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་སུ་བསྐྱོད་རྒྱུར་དཀའ་ངལ་འཕྲད་བཞིན་པ་དང་། ལྷག་པར་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་སྨན་རྩིས་ཁང་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲོད་བསྟེན་ཐོག་འཐུས་ཤོར་ཕྱིན་པའི་བཀའ་སློབ་ལྕི་ནན་ཕེབས་སྟབས། སློབ་ཐོན་ཟིན་པ་དང་སློབ་སྦྱོང་གནང་བཞིན་པའི་རང་རིགས་སྨན་པ་རྣམས་ནས་རང་རེའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་དགོངས་པ་ཆེ་བཞེས་ཀྱིས་འདི་གའི་ཁྱབ་ཁོངས་སྨན་ཁང་ཁག་གི་ནང་ཞབས་ཞུར་ཕེབས་གནང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་དང་། ད་ནས་བཟུང་གོང་གསལ་གན་ཡིག་དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༦ ཉིན་གྱི་གན་ཡིག་འབྲུ་དོན་ལྟར་འཇོག་རྒྱུ་ཡིན་ན་འབྲེལ་ཡོད་རྣམས་ནས་ཐུགས་ངེས་ཡོང་བ་ཞུ། ཆབས་ཅིག་འདི་གའི་ཁྱབ་ཁོངས་སྨན་ཁང་ཁག་གི་ནང་ཞབས་ཞུར་ཕེབས་མཁན་སྨན་པ་རྣམས་དུས་ཡུན་རིང་ཙམ་བཞུགས་རྒྱུའི་རེ་བ་དང་འབོད་བསྐུལ་ཞུ་རྒྱུའི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༦ ལ།
ཕུལ།།