༢༠༡༧ ཟླ་ ༥ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་འགྲོ་བ་མི་སྡེའི་སྤྱི་ཚོགས་ཀུན་ལ་ཐུན་མོང་དུ་དགོས་མཁོ་ཆེ་བའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཆེད་དུ་དམིགས་ནས་བཙུགས་པའི་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ནས་ཚོགས་མི་རྣམས་ལ་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་དང་སྦྲགས་ལམ་སྟོན་བཀའ་སློབ་སྩལ།
དེ་ཡང་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་སྐུ་ཞབས་ཨ་ནལ་ཇིཏ་སིངྒ་ Analjit Singh ལགས་དང་ཁོང་གི་སྲས་སྐུ་ཞབས་ཝིར་ Vir ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་ཐོག་མར་༸གོང་ས་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལས་རིམ་གཙོ་སྐྱོང་འོག་ཤེས་ཡོན་བསྟི་གནས་ཁང་དྲུག་གི་སྐུ་ཚབ་འཐུས་མིས་ཤེས་ཡོན་སློབ་ཚན་ནང་བཟང་སྤྱོད་ཀྱི་སློབ་གསོ་འཇོག་སྟངས་ཐད་སློབ་ཚན་གཏན་འབེབས་གནང་སྟངས་སྐོར་སྙན་སྒྲོན་ཞུས།
དེ་ཡང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭའི་ Emory University སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་༸གོང་ས་མཆོག་ཁུལ་དེར་འདི་ལོའི་ཕྱི་ཟླ་ ༡༠ ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས་བཟང་སྤྱོད་ཀྱི་སློབ་ཚན་གོ་སྒྲིག་གནང་རྒྱུའི་ལས་འཆར་བང་སྒྲིག་བཞིན་པའི་སྐོར་དང་། ཕྱོགས་མཚུངས་རྒྱ་གར་མེ་ར་ཊི་ Meerut གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་ཡུར་རྒྱན་ནྱས་ Ayurgyan Nyas ཞེས་པའི་བསྟི་གནས་ཁང་གི་སྐུ་ཚབ་ལྕམ་སྐུ་ཌིབ་ཏི་གུ་ལཱ་ཏི་ Ms Deepti Gulati ལགས་ཀྱིས། རྒྱ་གར་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་ Mind and Life གི་བསྟི་གནས་ཁང་གི་ལས་གཞི་ཁག་ལག་བསྟར་དོན་འཁྱོལ་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། བཟང་སྤྱོད་ཀྱི་སློབ་ཚན་འཇོག་སྟངས་ཐད་ཕྱི་ཟླ་ ༧ ནང་ཟབ་སྦྱོང་གཉིས་གོ་སྒྲིག་གནང་འཆར་ཡོད་པ་དང་། སློབ་ཚན་དེ་དག་རྒྱ་གར་གྱི་གྲོང་ཁྱེར་བརྒྱད་ཀྱི་སློབ་གྲྭ་དགུའི་ནང་ལག་བསྟར་གནང་ཆེད་གྲ་སྒྲིག་འགྲོ་བཞིན་ཡོད་སྐོར་སྙན་སྒྲོན་ཞུས།
གཞན་ཡང་ཊ་ཊ་སྤྱི་ཚོགས་ཚན་རིག་གི་ཉམས་ཞིབ་བསྟི་གནས་ཁང་ Tata Institute for Social Sciences གི་ངེས་སྟོན་པ་སྐུ་ཞབས་ཨེ་སི་པ་ར་ཤུ་ར་མན་ S Parasuraman ལགས་ཀྱི་ཚབ་ཏུ་ལས་བྱེད་གཉིས་ཕེབས་པ་ཁོང་གཉིས་ནས་སློབ་གྲྭའི་སློབ་ཚན་ནང་རིས་མེད་ཀྱི་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་ལས་འཆར་དང་འབྲེལ་ནས་སློབ་ཚན་གཏན་འབེབས་གནང་སྟངས་སྐོར་སྙན་སྒྲོན་ཞུས།
དེ་བཞིན་མཐོ་རིམ་ཤེས་ཡོན་གྱི་སྲིད་བྱུས་ཉམས་ཞིབ་ཚན་པའི་ Centre for Policy Research in Higher Education འབུམ་རམས་པ་ལྕམ་སྐུ་ནི་དི་ས་བྷར་ཝལ་ Dr Nidhi Sabharwal ལགས་ཀྱིས། གུ་ཡངས་དང་འདྲ་མཉམ། འགྲོ་བ་མི་རིགས་གཅིག་གྱུར་གྱི་བཟང་སྤྱོད་སོགས་གཞི་ལ་བཞག་ནས་སློབ་ཚན་གཏན་འབེབས་གནང་བཞིན་ཡོད་པ་མ་ཟད། སློབ་ཚན་དེ་ཕྱི་ཟླ་ ༨ ནང་གྲ་སྒྲིག་ལེགས་གྲུབ་ཟིན་རྒྱུ་ཡིན་སྐོར་སྙན་སྒྲོན་ཞུས།
ཕྱོགས་མཚུངས་ཝ་སནྟ་ཝེ་ལི་སློབ་གྲྭའི་ངེས་སྟོན་པ་ Director of Vasant Valley School སྐུ་ཞབས་ཨ་རུན་ཀ་པུར་ Arun Kapur ལགས་ཀྱིས་ཞི་བདེ་གོང་སྤེལ་བསྟི་གནས་ཁང་ Centre for Escalation of Peace གི་ལམ་སྟོན་འོག་ཤེས་ཡོན་ཕྱོགས་ཁོ་ན་མིན་པར་སློབ་ཕྲུག་རྣམས་ལ་ཕྱོགས་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་ཐབས་གནང་བཞིན་པ་དང་། གནང་ཕྱོགས་དེ་ཡང་སྲོག་ཆགས་འཕེལ་རིམ་གྱི་འགྲོ་སྟངས་དང་གླུ་གཞས། རང་བཙན་འཐབ་རྩོད་སྐོར་སོགས་སློབ་ཕྲུག་རྣམས་ལ་གོ་རྟོགས་དང་སློབ་གསོ་སྤྲད་པ་བརྒྱུད་བཟང་སྤྱོད་གོང་མཐོར་གཏོང་ཐབས་ཞུ་བཞིན་ཡོད་སྐོར་སྙན་སྒྲོན་ཞུས།
མཐར་ལྡི་ལི་གཙུག་ལག་སློབ་གྲྭའི་ University of Delhi གཙུག་ལག་སློབ་དཔོན་ལྕམ་སྐུ་མི་ནག་ཤི་ཐ་པན་ Prof Meenakshi Thapan ལགས་ཀྱིས་དེང་དུས་ཤེས་ཡོན་དང་བཟང་སྤྱོད་སྐོར་གོ་རྟོགས་སྤེལ་ཆེད། རི་ཤི་ཝེལ་ལེ་སློབ་གྲྭ་ Rishi Valley School དང་ལྷན་ལས་འགུལ་ཇི་ལྟར་སྤེལ་བཞིན་པའི་སྐོར་སྙན་སྒྲོན་ཞུ་དོན། སྤྱིར་དགེ་རྒན་ནི་སློབ་ཕྲུག་རྣམས་ཀྱི་མི་ཚེའི་ལམ་སྟོན་གནང་མཁན་དང་སྣེ་ཁྲིད་མཁན་གཙོ་བོ་ཡིན་ཡང་། རྒྱ་གར་ནང་དུ་དགེ་རྒན་གྱི་གནས་བབ་ལ་དགེ་རྒན་རང་ཉིད་ཀྱིས་མཐོང་ཆུང་གཏོང་བཞིན་ཡོད་པའི་ཚོར་སྣང་བྱུང་སྐོར་སོགས་སྙན་སྒྲོན་ཞུས་གྲུབ་མཚམས། དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ཆོས་རིག་ལས་ཁུངས་གཉིས་ནས་ལས་གཞི་དེ་དག་ཐད་དོ་སྣང་ཧ་ཅང་ཆེན་པོ་གནང་བཞིན་པ་མ་ཟད། ཤེས་རིག་དང་ཆོས་རིག་བཀའ་བློན་བཅས་ལྷན་ཞུགས་གནང་ཡོད་སྟབས་ལས་གཞི་དེ་དག་ཐོག་འབྲེལ་ཡོད་བཀའ་བློན་རྣམ་པས་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ཡིན་སྐོར་སྙན་སེང་ཞུས། དེ་ནས་གསོལ་ཇའི་བར་སེང་རྗེས་སླར་ཡང་འཛོམས་སྐབས་ལས་བསྡོམས་མུ་མཐུད་སྙན་སྒྲོན་ཞུས།
མཐར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དང་ཐོག་ངོས་རང་འདི་ག་བསྟི་གནས་ཁང་འདྲ་མིན་གྱིས་རྩོམ་བཞིན་པའི་ལས་དོན་ལ་ཧ་ཅང་སེམས་འགུལ་ཐེབས་བྱུང་། ཁྱེད་ཚོའི་ལས་འཆར་གང་སྒྲིག་པ་དེ་དག་ལ་དགའ་ལྡན་ཕོ་བྲང་ནས་ངེས་པར་དུ་དག་ཐེར་ཞུ་དགོས་པ་གང་ཡང་མཐོང་གི་མི་འདུག མཁས་དབང་ཁག་གཅིག་གིས་ས་གནས་སུ་ཕེབས་ནས་ལས་འཆར་ལ་གཟིགས་ཞིབ་གནང་མཐར་ཁྱེད་ཚོའི་ལས་དོན་ཐོག་ལས་བསྡོམས་ལྟ་བུ་ཞིག་བྱུང་ན་དེས་འཐུས།
དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་གཞི་རྩའི་མིའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ་དང་རྣམ་དཔྱོད་ཀྱི་མ་འདས་བར་བརྟེན་ད་ཆ་ང་ཚོས་ཤེས་ཡོན་སྤྲོད་སྟངས་ཀྱི་ཐབས་ལམ་ཐོག་བསམ་བློ་གཏོང་དགོས། དངུལ་དང་དབང་ཆ་ཇི་ལྟར་བཟོ་དགོས་པའི་ཐོག་ལ་བསམ་བློ་བཏང་ནས་བསྡད་པ་ཡིན་ན་དེས་འདང་རྒྱུ་མེད། དེ་ལས་གལ་ཆེ་བ་ནི་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་ཁྱིམ་ཚང་གཅིག་གི་ཁོངས་སུ་གཏོགས་པ་ཡིན་བསམ་པའི་ཀུན་སློང་དེ་གོང་སྤེལ་གཏོང་དགོས་པ་ཡིན།
སེམས་ཅན་གཞན་གྱིས་དམག་འཁྲུག་སློང་གི་མ་རེད། དམག་འཁྲུག་སློང་མཁན་མི་ཁོ་ན་ཡིན། གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་དེ་ཞེ་སྡང་དང་ཁོང་ཁྲོའི་རང་བཞིན་ཡིན་ན་རེ་བ་དེ་ཙམ་མེད། ད་ལྟའི་དུས་སྐབས་འདིར་ང་ཚོར་མ་འདང་བའི་ཆ་ནི་དེང་དུས་ཤེས་ཡོན་ལམ་ལུགས་གཅིག་པོས་འདང་གི་མེད། དེར་བརྟེན་ལམ་ལུགས་དེར་འགྱུར་བ་གཏོང་ཆེད་ཁྱེད་རྣམ་པས་དེའི་ཐོག་ལས་འགུལ་སྤེལ་བཞིན་པ་འདིར་ངོས་རང་ངོ་མཚར་སྐྱེ་བྱུང་། ལས་འཆར་དེ་དག་བྲེལ་ཟིང་ངང་ཚར་དགོས་པ་དེ་འདྲ་རྩ་བ་ནས་མེད། མུ་མཐུད་ནས་ལས་འཆར་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ངོས་རང་དེ་སྔ་ཨ་རིར་བསྐྱོད་སྐབས་གྲོང་ཁྱེར་ཁག་གཅིག་ལ་བྱམས་བརྩེའི་གྲོང་ཁྱེར་དང་། སེམས་བཟང་གི་གྲོང་ཁྱེར། ཞེས་མིང་བཏགས་ནས་ལས་འགུལ་སྤེལ་བ་མཐོང་བྱུང་། གྲོང་ཁྱེར་དེ་དག་གི་སྒྲོང་སྡེའི་སྤྱི་ཁྱབ་པ་ཚོའང་ངོས་ཀྱིས་ངོ་ཤེས་བྱུང་། ཁོང་ཚོས་བྱམས་བརྩེ་དང་སེམས་པ་བཟང་པོ་བྱེད་རྒྱུ་དང་འབྲེལ་བའི་ལས་གཞི་ཁག་གཅིག་གོ་སྒྲིག་གནང་འདུག ལས་གཞི་དེའི་ནང་དངོས་སུ་ཞུགས་མཁན་སློབ་ཕྲུག་སོགས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་འཐེབས་པ་བྱུང་འདུག དེར་བརྟེན་ལས་གཞི་དེའི་གྲུབ་འབྲས་གང་ཐོན་པའི་སྐོར་ལ་ཁྱེད་ཚོས་དོ་སྣང་གནང་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་ངེས་ཡིན། ཞེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་གྱི་ལེགས་བཤད་སླར་གསོ་ཡོང་ཐབས་སླད་ཐུགས་བརྩོན་མཛད་བཞིན་ཡོད་སྐོར་དང་། ལྷག་པར་ཚད་མ་རིག་པ་དང་། སེམས་ཁམས་རིག་པའི་རྣམ་གཞག དེ་བཞིན་ནང་པའི་ལྟ་གྲུབ་སོགས་ཕྱི་ནང་ཐུན་མོང་གིས་སློབ་སྦྱོང་བྱེད་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ། སྤྱིར་མགོན་པོ་གང་ཉིད་མཆོག་དགོང་མོ་ཆུ་ཚོད་ ༩ ཉལ་རྗེས་སྔ་དྲོ་ཆུ་ཚོད་ ༣ ཐོག་ཡར་བཞེངས་ནས་ཆུ་ཚོད་བཞི་ལྔ་ཙམ་སྒོམ་བརྒྱབ་ཀྱི་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ། སྐབས་དེར་རྒྱ་གར་གཞུང་གི་མིའི་ནུས་ཤུགས་གོང་སྤེལ་ཚན་པའི་ Ministry for Human Resource Development སྐུ་ཚབ་མཆོག་ཉིན་གཉིས་ཀྱི་བགྲོ་གླེང་ནང་ལྷན་བཅར་ཞུས་ཡོད་སྟབས་ཁོང་གིས་རིང་མིན་བཟང་སྤྱོད་གཞི་རྩར་གྱུར་བའི་དེང་དུས་ཤེས་ཡོན་ལམ་ལུགས་ལག་བསྟར་གནང་ཕྱོགས་ཐད་རྒྱ་གར་གཞུང་གི་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་སྙན་སྒྲོན་ཞུས། བཀའ་སློབ་རྣམས་གྲུབ་བསྟུན་དྲི་བ་རྣམས་ལ་བཀའ་ལན་སྩལ།
དེ་ཡང་རྒྱ་གར་གནའ་རབས་སྲོལ་རྒྱུན་གྱི་རིག་གནས་ཐད་ཀྱི་དྲི་བར་བཀའ་ལན་སྩོལ་སྐབས་༸གོང་ས་མཆོག་གིས་བོད་སྐད་ནང་བསྒྱུར་བ་བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ཙམ་ཡོད་པ་རྣམས་བསམ་བློའི་ཚན་རིག་དང་། ལྟ་གྲུབ་ཀྱི་རྣམ་གཞག ནང་ཆོས་ཀྱི་ཆ་བཅས་དབྱེ་བ་གསུམ་དུ་ཕྱེ་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་ཐད་སུས་སློབ་གཉེར་བྱེད་ཀྱང་ཆོག་རྒྱུ་ཡིན་ཡང་ནང་ཆོས་ཉམས་ལེན་ཐོག་བསླེབ་སྐབས་ནང་པ་སངས་རྒྱས་པ་ཁོ་ནས་བྱེད་དགོས་པ་ཞིག་དང་། མགོན་པོ་གང་ཉིད་མཆོག་གིས་འདས་པའི་ལོ་ངོ་ ༣༠ ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ་དེས་ཕྱོགས་གཉིས་ཀར་ཕན་ཐོགས་ཧ་ཅང་བྱུང་ཚུལ། སེམས་ཁམས་རིག་པའི་རྣམ་གཞག་ཐོག་ནས་བློའི་ངོ་བོ་དང་བྱེད་ལས་སོགས་འཆད་སྐབས་དེང་དུས་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་སྔོན་འགྲོ་སློབ་གྲྭའི་གནས་ཚད་ལྟ་བུ་ལས་མེད་ཚུལ་སྐོར་བཀའ་སློབ་སྩལ།
ཕྱོགས་མཚུངས་སྐབས་དེར་བཟང་སྤྱོད་གོང་མཐོར་སྤེལ་རྒྱུར་ཆོས་ཀྱི་ལས་འགན་ཡོད་སྐོར་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཆོས་མུ་མཐུད་གནས་རྒྱུ་རེད། ཆོས་ཀྱིས་གཞི་རྩའི་མིའི་བཟང་པོའི་རིན་ཐང་དེ་དག་སྲ་བརྟན་དུ་གཏོང་བཞིན་ཡོད། ད་ལྟ་ང་ཚོས་སྐད་ཆ་ཤོད་བཞིན་པའི་བཟང་སྤྱོད་འདི་ནི་ཆོས་ལུགས་ཚང་མའི་རྨང་གཞིར་གྱུར་བའི་བསླབ་བྱ་ཞིག་ཡིན། ངོས་ཀྱིས་སེ་ཁུལ་ལར། secular ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་སྐབས་རྒྱ་གར་གནའ་རབས་ཀྱི་ལམ་ལུགས་ཐོག་ནས་ཆོས་ལུགས་ཚང་མར་གུས་ཞབས་བྱ་རྒྱུ་ཙམ་མ་ཟད། ཆོས་ཁས་ལེན་མི་བྱེད་མཁན་ཚོ་ལའང་གུས་ཞབས་བྱ་རྒྱུའི་ལམ་སྲོལ་ཞིག་ཡོད་པ་དེར་བརྗོད་ཀྱི་ཡོད།
སྤྱིར་ཨིན་ཇིའི་ཐ་སྙད་ secular ཞེས་པའི་གོ་བ་ལེན་སྐབས་ཆོས་ལུགས་ལ་འགག་པ་རྒྱག་མཁན་ལའང་གོ་སྲིད། དེ་ནི་གཙོ་བོ་དེ་སྔ་ཕ་རན་སི་གསར་བརྗེ་ French Revolutions དང་རུ་སུའི་ནང་སྦོལ་ཤེ་ཝིག་གསར་བརྗེའི་ Bolshevik Revolutions སྐབས་ཆོས་མིང་འོག་མང་ཚོགས་ལ་བཤུ་གཞོག་གཉའ་གནོན་བྱེད་སྲོལ་ཡོད་པར་བརྟེན་ཆོས་ལུགས་ལ་ངོ་རྒོལ་གྱི་བསམ་ཚུལ་ཤུགས་ཆེ་བྱུང་ཡོད། དེར་བརྟེན་སེ་ཁུ་ལར་ secular ཞེས་པའི་ཐ་སྙད་དེ་གོ་བ་དེ་འདྲ་ཞིག་བླངས་པའི་ཐོག་ནས་བསམ་བློ་གཏོང་བཞིན་ཡོད། ཅེས་བཀའ་ལན་སྩལ། དེ་ནས་རིགས་རུས་དབྱེ་འབྱེད་ཀྱི་ལམ་སྲོལ་ལ་བརྟེན་ནས་སྤྱི་ཚོགས་ནང་ཐུབ་ཚོད་དང་གཉའ་གནོན་བྱ་རྒྱུ་སོགས་ཡོང་བཞིན་ཡོད་པའི་སྐོར་བགྲོ་གླེང་བྱུང་། སྐབས་དེར་༸གོང་ས་མཆོག་གིས། མང་ཚོའི་སྤྱི་ཚོགས་ནང་རིགས་རུས་བརྩི་རྒྱུ་ཟེར་བ་དུས་ཚོད་ཡོལ་ཟིན་སྟབས། ཆོས་ལུགས་དབུ་ཁྲིད་ཚོས་ཐུགས་འགན་མང་ཙམ་བཞེས་ནས་དེའི་སྐོར་ཏོག་ཙམ་གསུང་ཐུབ་ན་བསམ་པ་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་མཐར་ཚོགས་བཅར་བ་ཡོངས་ལ་གོ་སྒྲིག་ཚོགས་ཆུང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བསྟུན་ཉིན་གུང་ལྗགས་སྨིན་རྒྱས་བཞེས་མཛད།།