༢༠༡༧ ཟླ་ ༥ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་དྲིལ་ཨིན་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇམ་དཔལ་གཞོན་ནུ་ལགས་ཀྱིས་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཡོལ་ཙམ་ལ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཁག་གཤམ་གསལ།
དྲི་བ། ལྕམ་སྐུ་ནེན་སི་ལེ་ལོ་སི་ Nancy Pelosi མཆོག སྐུ་ཉིད་མཆོག་ནི་ཨ་རིའི་གྲོས་ཚོགས་ནང་བོད་མིར་སེམས་ཐག་ཉེ་པོའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་གྲས་ཤིག་དང་༸གོང་ས་མཆོག་དང་ཐུགས་འདྲིས་ཧ་ཅང་ཉེ་བའི་གྲོགས་པོ་ཞིག་ཀྱང་ཡིན། སྐུ་ཉིད་མཆོག་གིས་སྣེ་འཁྲིད་འོག་དེ་སྔ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ནང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྡ་སར་ཐེངས་དང་པོ་ཕེབས་རྗེས་ད་ཐེངས་སྐུ་ཚབ་ཚོགས་ཆུང་ཕེབས་ཐེངས་གཉིས་པ་ཆགས་ཡོད། དེར་བརྟེན་སྐུ་ཉིད་མཆོག་གིས་བོད་མི་སྤྱི་དང་ལྷག་པར་གཞིས་ལུས་བོད་མི་རྣམས་ལ་བརྡ་ལན་གང་ཡོད། སྐུ་ཉིད་མཆོག་གིས་བོད་ལ་སེམས་ཐག་ཉེ་པོ་དེ་འདྲ་གནང་དགོས་པའི་རྒྱུ་མཚན་དང་ཨར་རྒྱ་ཡུལ་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་མུ་མཐུད་གནད་དོན་གལ་ཆེ་ཤོས་སུ་གནས་ཐབས་ཆེད་ང་ཚོས་འབད་བརྩོན་ཇི་འདྲ་བྱེད་དགོས།
ལན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་བཞིན་པའི་བཟང་པོའི་རིན་ཐང་དེ་དག་ལ་ཨ་རིའི་མང་ཚོགས་ཀྱིས་ཧ་ཅང་གཙིགས་ཆེར་འཛིན་བཞིན་ཡོད་སྟབས་ངས་དེ་རིང་བཟང་སྤྱོད་ཀྱི་སྐད་ཆ་ཤོད་སྐབས་ཨ་རིའི་མང་ཚོགས་ཀྱི་བསམ་ཚུལ་མཚོན་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱ་རྒྱུའི་ལས་འགུལ་དེ་དག་བོད་མི་ཁོ་ནའི་ཆེད་དུ་མ་རེད། འཛམ་གླིང་ནང་གི་འགྲོ་བ་མི་རིགས་ཚང་མའི་ཆེ་མཐོང་དང་རིན་ཐང་བཅས་དང་འབྲེལ་བ་ཆགས་ཡོད། དེར་བརྟེན་མི་མང་པོ་ཞིག་གིས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་ཡིད་དབང་ཧ་ཅང་འཁྲོག་པོ་ཞིག་མཐོང་གི་ཡོད།
དྲི་བ། བཀུར་འོས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལོ་ཡི་ཊི་ཨེན་གེལ་ Eliot Engel མཆོག་ལ་ཞུ་རྒྱུ། སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་གྲོས་ཚོགས་ནང་བོད་རྒྱ་སྐུ་ཚབ་འཐུས་མིའི་དབར་གྲོས་མོལ་སྐྱར་གསོ་དགོས་པའི་གྲོས་ཆོད་བཏོན་གནང་ཡོད། བོད་རྒྱ་གྲོས་མོལ་ཐེངས་ ༩ གནང་རྗེས་ཕྱི་ལོ་ ༢༠༡༠ ནས་མཚམས་ཆད་ཡོད། དེར་བརྟེན་ཨ་རིའི་གཞུང་གིས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཆེད་མཐུན་འགྱུར་རམ་འདེགས་ཇི་འདྲ་ཞིག་གནང་ཐུབ་བམ།
ལན། ཨ་རིའི་གཞུང་གིས་གནང་ཐུབ་པ་ནི་དེ་སྔ་ཐེངས་མང་གནང་མྱོང་ཡོད་པ་ལྟར་རྒྱ་ནག་འགོ་ཁྲིད་ཚོ་དང་ཐད་ཀར་གནད་དོན་དེ་དག་སྐོར་གླེང་སློང་གནང་རྒྱུ་དེ་ཡིན། ང་ཚོས་གྲོས་ཚོགས་ནང་གྲོས་ཆོད་བཞག་ནས་བོད་དོན་གློད་གཏོང་ནམ་ཡང་བྱ་རྒྱུ་མིན་པའི་བརྡ་ལན་ཞིག་པེ་ཅིང་སྲིད་གཞུང་ལ་སྤྲད་དགོས་པ་ཧ་ཅང་གནད་འགག་ཆེན་པོ་རེད། ང་ཚོའི་སྲིད་འཛིན་མཆོག་གིས་ཨ་རིའི་རོགས་དངུལ་ནས་ USAID བརྒྱ་ཆ་ཕྲན་བུ་ཉུང་འཕྲི་གནང་དགོས་པའི་བསམ་འཆར་དེར་ངས་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན། དེར་རྒྱུ་མཚན་མང་པོ་ཞིག་ཡོད། འོན་ཀྱང་དངོས་སུ་མིག་མཐོང་ལག་ཟིན་ཐོག་ནས་བརྗོད་ན་བོད་མི་ཚོའི་ལས་གཞི་མང་དག་གཅིག་ཨ་རིའི་རོགས་དངུལ་ལ་བརྟེན་ནས་ཡོད། མཐའ་དོན་ང་ཚོ་ཚང་མ་འདིར་བོད་མི་དང་འབྲེལ་བ་དམ་ཟབ་རྒྱུན་སྐྱོང་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུས་པའི་ཐོག་ནས་བོད་མི་རྣམས་བརྗེད་ཐབས་ནམ་ཡང་མེད་པའི་བརྡ་ལན་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བཏང་འདོད་བྱུང་།
དྲི་བ། བཀུར་འོས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ McGovern མཆོག་ལ་ཞུ་རྒྱུར། སྐུ་ཉིད་མཆོག་ནི་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ Tom Lantos Human Rights Commission ཚོགས་གཞོན་ཡིན་པའི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་གྲས་ཤིག་ཀྱང་ཡིན། ལྷག་པར་ཕྱི་ལོ་ ༢༠༡༥ ལོར་བོད་ནང་འཚམས་གཟིགས་སུ་ཕེབས་མཁན་ཨ་རིའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་གྲས་སུའང་ཡོད། མ་འོངས་པར་སླར་ཡང་བོད་ནང་འཚམས་གཟིགས་སུ་ཕེབས་ཐུབ་རྒྱུའི་གནས་སྟངས་གཟིགས་བཞིན་ཡོད་དམ།
ལན། ང་ཚོ་ཚང་མ་སླར་ཡང་བོད་ནང་འགྲོ་རྒྱུར་དགའ་པོ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ང་ཚོར་སླར་ཡང་མཐོང་མཆན་སྤྲད་རྒྱུ་ཡིན་པ་ངར་འདེང་སྤོབས་མེད། འོན་ཀྱང་བློ་གཟུ་བོར་གནས་ནས་སྐད་ཆ་བཤད་པ་ཡིན་ན། ངས་གྲོས་ཚོགས་ནང་ཨར་རྒྱ་ཡུལ་གཉིས་གོ་སྐབས་འདྲ་མཉམ་བརྗེ་ལེན་ Reciprocal Access to Tibet བྱེད་དགོས་པའི་གྲོས་ཆོད་བཏོན་པ་དེ་ནི་རྒྱ་ནག་གཞུང་གིས་བོད་མི་མང་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ཉེས་མེད་ལྷོད་ཡངས་སུ་མ་སོང་བ་ཞིག་ཡོང་སླད་ཡིན། དེ་རིང་ང་རང་འདིར་ལས་རོགས་ཚོ་དང་ལྷན་ཡོང་ཐུབ་པར་དགའ་པོ་བྱུང་། ང་ཚོ་འདིར་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོས་༸གོང་ས་མཆོག་གི་དགོངས་བཞེད་ལ་རྒྱབ་སྐྱོར་དང་། བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད།
དྲི་བ། བཀུར་འོས་གྲོས་ཚོགས་འཐུས་མི་ལྕམ་སྐུ་མེ་ཀལ་ལམ་ McCollum མཆོག་དང་ལྕམ་སྐུ་ཅུ་ Chu མཆོག ལྕམ་སྐུ་ཇཱ་ཡ་པཱལ་ Jayapal མཆོག་བཅས་ལ་ཐོག་མར་ཁྱེད་རྣམ་པ་བཞུགས་སྒར་དུ་ཕེབས་པར་འཚམས་འདྲི་ཞུ་རྒྱུ་དང་། བོད་མི་རྣམས་དང་ལྷག་པར་བོད་པའི་བུད་མེད་ཁྲོད་འཛིན་སྐྱོང་དང་ཆབ་སྲིད་སོགས་ཀྱི་ཁྲོད་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་སླད་ཨ་རིའི་གཞུང་གིས་རོགས་རམ་ཇི་ལྟར་གནང་ཐུབ་བམ།
གྲོས་ཚོགས་འཐུས་མི་ལྕམ་སྐུ་མེ་ཀལ་ལམ་ Betty McCollum མཆོག་གིས།
ཁ་སང་ང་ཚོ་བོད་ཁྱིམ་སློབ་གྲྭར་བུད་མེད་ཆུང་ཆུང་ཚོ་དང་ཐུག་སྐབས་ཧ་ཅང་དགའ་པོ་བྱུང་། ལོ་ན་ ༣ ནས་ཡར་བྱས་ནས་བུད་མེད་རྒན་པའི་བར་འདུག སློབ་གྲྭའི་ནང་གི་སློབ་ཕྲུག་ཕོ་མོ་ཚོར་ལས་ཀ་དང་མཉམ་དུ་སློབ་སྦྱོང་སོགས་ཀྱང་ཡར་རྒྱས་གཏང་དགོས་པ་ནི་བཙན་བྱོལ་བོད་མིའི་འཐབ་རྩོད་ལམ་ལྷོངས་ལྡན་པ་ཞིག་ཡོང་རྒྱུར་ཧ་ཅང་གལ་གནད་ཆེ་བ་མ་ཟད། གཞིས་བྱེས་མཉམ་འཛོམས་བྱུང་མཚམས་སུའང་སྤྱི་ཚོགས་ཁྲོད་བུད་མེད་ཚོས་འགན་ཁུར་ཇི་ལྟར་འཁྱེར་དགོས་པའི་མིག་དཔེ་བཟང་པོ་ཞིག་ཀྱང་ཆགས་ངེས་ཡིན།
གྲོས་ཚོགས་འཐུས་མི་ལྕམ་སྐུ་ཅུ་ Chu མཆོག་གིས།
ཁ་སང་བོད་པའི་བུད་མེད་འགོ་ཁྲིད་ཚོ་དང་ལྷན་སྐད་ཆ་བཤད་སྐབས་བློ་སྤོབས་ཧ་ཅང་བསྐྱེད་བྱུང་། སྐབས་དེར་ཁོང་རྣམ་པས་ང་ཚོར་དོན་ཚན་བཅུ་ཅན་གྱི་ལས་གཞི་ཞིག་ངོ་སྤྲོད་གནང་སྐབས་ང་རང་དངོས་གནས་ངོ་མཚར་བསྐྱེད་བྱུང་། དེར་བརྟེན་ལས་གཞི་དེ་དག་ལ་ང་ཙམ་མ་ཟད་ཨ་རི་བ་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་འདོད་གནང་རྒྱུ་རེད།
གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇོ་སེ་བྷི་ཊི་ Joyce Beatty མཆོག་གིས།
ངས་ཀྱང་ཁ་སང་གསར་འགྱུར་ཚན་པ་དང་ཤེས་ཡོན་སྡེ་ཚན་སོགས་ནང་ལས་ཀ་བྱེད་མཁན་བོད་པའི་བུད་མེད་ཚོ་དང་མཇལ་སྐབས་སེམས་ནང་ཡི་རངས་བསྔགས་བརྗོད་ཀྱི་ཚོར་བ་སྔར་ལྷག་བསྐྱེད་བྱུང་། ལྷག་པར་དེ་རིང་སྔ་དྲོ་ཨ་རིའི་རོགས་དངུལ་དང་འབྲེལ་བའི་ཚོགས་འདུའི་སྐབས་སུའང་བོད་པའི་བུད་མེད་ཚོར་འཕྲུལ་རིགས་སོགས་ཀྱི་མཐུན་འགྱུར་སྦྱར་བ་བརྒྱུད་བོད་པའི་བུད་མེད་ཚོས་ཀྱང་འགོ་ཁྲིད་ལྕམ་སྐུ་ནེན་སི་དང་ང་ཚོ་ལྟ་བུ་མཐོང་བ་ཙམ་མ་ཟད། འབྱུང་འགྱུར་དེ་ལྟར་ཆགས་ཐུབ་པར་ཕན་ཐོགས་ཡང་ཡོད།
གྲོས་ཚོགས་འཐུས་མི་ལྕམ་སྐུ་པྲ་མི་ལ་ཇཱ་ཡ་པཱལ་ Pramila Jayapal མཆོག་གིས།
ཨ་རིའི་ལོ་རྒྱུས་ཁྲོད་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་མཁན་བུད་མེད་ཆེད་ཐོག་མ་ཡིན་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ལྟ་བུའི་དབུ་ཁྲིད་འོག་འདི་ག་བཞུགས་སྒར་དུ་བཅར་རྒྱུའི་གོ་སྐབས་ཐོབ་པ་འདི་ནི་ང་ཚོ་ཧ་ཅང་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ལྕམ་སྐུ་མཆོག་གིས་སྐུ་ཚབ་ཚོགས་ཆུང་ཁྲོད་བུད་མེད་འཐུས་མི་ངེས་པར་དུ་ཕེབས་དགོས་པར་གཟིགས་བཞིན་ཡོད། དེ་ནི་གཙོ་བོ་ཐག་གཅོད་ཇི་འདྲ་ཞིག་གནང་ཡང་བུད་མེད་ཚོས་དེའི་ཐད་བསམ་འཆར་བཏོན་ཐུབ་པ་དང་ལྷག་པར་བུད་མེད་ཀྱི་དཀའ་ངལ་གསལ་འདོན་ཐུབ་ཆེད་སོགས་ལ་དམིགས་ནས་ཡིན། ཞེས་སོགས་ཀྱི་ལན་འདེབས་གནང་།
ལྕམ་སྐུ་པེ་ལོ་སི་ Pelosi མཆོག་གིས།
འབྱུང་འགྱུར་ང་ཚོས་བོད་པའི་བུད་མེད་ཚོ་དང་ལྷན་ལས་དོན་འདྲ་མིན་ཐད་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད། ཅེས་སོགས་ཀྱི་ལན་འདེབས་གནང་ཡོད་པ་བཅས།།
བརྙན་འཕྲིན་གཟིགས་སླད་འདིར་གནོན།