༢༠༡༧ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་ནས་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མཛད་པ་མ་ཟད་ཉིན་དགུང་ལྗགས་སྨིན་ལྷན་བཞེས་མཛད།
དེ་རྗེས་སྡ་སྟེང་བོད་ཁྱོམ་སློབ་གྲྭར་ཕེབས་སྐབས་དགེ་ལས་སློབ་ཕྲུག་སོགས་ནས་ལག་ཏུ་བོད་དང་ཨ་རིའི་རྒྱལ་དར།
དེ་བཞིན་མེ་ཏོག་སོགས་ཐོགས་ནས་འཚམས་འདྲི་ཞུ་བ་དང་དུས་མཚུངས་སློབ་མ་ཁག་གཅིག་གིས་བོད་མིའི་སྲོལ་རྒྱུན་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་མཇལ་འཕྲད་གནང་རྗེས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བུད་མེད་འགོ་ཁྲིད་ཁག་གཅིག་དང་ལྷན་ཐུག་འཕྲད་གནང་།
དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༧ ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པར་ཕེབས་ནས་བོད་མིའི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས།།