༢༠༡༧ ཟླ་ ༥ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ནས་ཕྱི་ཟླ་ ༦ ཚེས་ ༡༦ བར་བཞུགས་སྒར་རྡ་སའི་ཉེ་འགྲམ་དབུས་སྣེ་ལེན་འབྲེལ་མཐུད་ལས་ཁང་གི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་འོག་ལས་བྱའི་སྡེ་ཚན་ཁོངས་དབུས་ས་གཉིས་ཀྱི་སྡེ་ཚན་འགན་འཛིན་ནས་རྒན་དྲུང་བར་གྱི་ལས་བྱེད་གྲངས་ ༢༤ ཙམ་ལ་བོད་ཨིན་གཙོ་གྱུར་རྩིས་འབྲེལ་སོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༢༠ ཐོག་སྐུ་མགྲོན་གཙོ་བོ་དབུས་འོས་བསྡུ་ལྷན་ཁང་དང་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་གི་སློབ་ཚན་དང་། ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན། ཟབ་སྦྱོང་ལ་འཛུལ་ཞུགས་པ་རྣམས་ནས་བླང་དོར་གྱི་ཞུ་སྒོ་ཁག་བཅས་ངོ་སྤྲོད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་དོན། འདེམས་ལྷན་གྱི་ཟབ་སྦྱོང་རྣམ་པ་ཚོར་དེ་སྔ་ཐོབ་མེད་པ་ལྟ་བུ་ཆགས་ཡོད་སྟབས་ཐེངས་འདིར་བོད་ཨིན་གཙོ་གྱུར་རྩིས་དང་སྒྲིག་གཞི་ཁག་བཅས་ཀྱི་ཐོག་ཟབ་ཁྲིད་གནང་རྒྱུ་རེད། བར་ལམ་བོད་མིའི་སྒྲིག་འཛུགས་ནང་ཟབ་སྦྱོང་ཧ་ཅང་མང་པོ་ཞིག་གོ་སྒྲིག་གནང་བ་རྣམས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་། བཀའ་དྲུང་ཡིག་ཚང་གི་ལས་བྱེད་བཀོད་སྒྲིག་ཚན་པས་གོ་སྒྲིག་གནང་བ་ཞིག་ཡིན། ཕྱོགས་མཚུངས་ལས་ཁུངས་སོ་སོས་ལས་འཆར་སོགས་དགོས་མཁོར་འཚམས་པའི་ཟབ་སྦྱོང་གནང་གི་ཡོད། ལས་བྱེད་རྣམ་པ་ཚོ་ལ་ཟབ་སྦྱོང་གནང་རྒྱུའི་དམིགས་ཡུལ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ཚགས་ཚུད་དང་གནས་ཚད་མཐོ་རུ་གཏང་རྒྱུ་སོགས་ཡིན།
བར་སྐབས་ལས་བྱེད་རྣམས་ལ་འདེམས་བསྐོ་ལྷན་ཁང་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ། བཀའ་དྲུང་ཡིག་ཚང་གི་ལས་བྱེད་བཀོད་སྒྲིག་ཚན་པ་བཅས་ནས་ཟབ་སྦྱོང་གནང་གི་ཡོད་སྟབས། ངོ་གདོང་ཙམ་ལ་ལྟ་སྐབས་ཡ་མཚན་ལྟ་བུ་མཐོང་སྲིད། སྤྱིར་འགྲོ་ལུགས་འགྲོ་སྟངས་ཀྱི་ཆ་ནས་ལས་བྱེད་ཁོངས་ཡོད་པ་དེ་དག་ལ་འདེམས་བསྐོ་ལྷན་ཁང་གི་འགན་དབང་ཐོག་ནས་ཟབ་སྦྱོང་ཕུལ་དགོས་པ་ང་ཚོའི་ལས་འགན་ཆགས་ཀྱི་ཡོད།
འོན་ཀྱང་དེ་སྔའི་བཀའ་ཤག་སྐབས་སུ་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་བཀའ་བསྡུར་གནང་སྟེ་བཀའ་ཤག་གི་བཀའ་འབྲེལ་ལྟར་ལས་བྱེད་ཀྱི་དམིགས་སྒོའི་ཆེད་འདེམས་བསྐོ་ལྷན་ཁང་ནས་ཟབ་སྦྱོང་གོ་སྒྲིག་གནང་འདུག ང་ཚོ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་བདམས་ཐོན་བྱུང་བའི་རྗེས་ཟབ་སྦྱོང་དེ་མཐའ་མ་གོ་སྒྲིག་ཞུས་པ་རེད། འོན་ཀྱང་ཟབ་སྦྱོང་དེ་འགྲོ་ལུགས་འགྲོ་སྟངས་དང་སྒྲིག་གཞི་དགོངས་དོན་ཏག་ཏག་སྡོད་ཀྱི་མི་འདུག གང་ཡིན་ཞེ་ན། འདེམས་བསྐོ་ལྷན་ཁང་ནས་ལས་བྱེད་ཡིན་བཞིན་པ་ཞིག་ལ་ཟབ་སྦྱོང་འབུལ་དགོས་ཀྱི་ཡོད། ལས་བྱེད་ཡིན་བཞིན་པ་ཞིག་ལ་ཟབ་སྦྱོང་ཕུལ་བ་ཡིན་ན། ཟབ་སྦྱོང་དེ་དག་ཆ་ཚང་སྤྱི་པའི་སྒྲིག་འཛུགས་རང་གི་ཆེད་བེད་སྤྱོད་གཏང་ཐུབ་པའི་དགོས་པ་རྒྱུ་མཚན་ཆགས་ཀྱི་ཡོད།
ལས་བྱེད་མིན་པ་ཞིག་ལ་ཟབ་སྦྱོང་འབུལ་བ་ཡིན་ན་སྒྲིག་གཞི་འགྲོ་ལུགས་ཀྱི་ཐོག་ནས་ཏག་ཏག་སྡོད་ཀྱི་མེད་པ་ཡིན་དུས་བཀའ་ཤག་ལ་སྙན་སེང་ཞུས་ཏེ་གང་ལྟར་སླད་ཕྱིན་འདེམས་བསྐོ་ལྷན་ཁང་ངོས་ནས་ལས་བྱེད་ཡིན་བཞིན་པ་རྣམས་ལ་ཟབ་སྦྱོང་གནང་དགོས་རྒྱུ་འདེམས་བསྐོ་ལྷན་ཁང་གི་འགན་དབང་ཡིན་སྟབས་འདེམས་བསྐོ་ལྷན་ཁང་ནས་ཟབ་སྦྱོང་གནང་རྒྱུ་ཡིན། ཟབ་སྦྱོང་གནང་བ་དེ་དག་མ་འགྲིག་མ་འཐུས་པ་ཞིག་རེད། ཅེས་རྩ་བ་ཉིད་ནས་ཞུ་གི་མེད།
ང་ཚོའི་རེ་བ་ག་རེ་བྱེད་བཞིན་ཡོད་ཅེས་བརྗོད་ན། རྣམ་པ་ཚོས་མུ་མཐུད་སྲི་ཞུ་བསྒྲུབས་ཏེ་ཉུང་མཐར་ལོ་ངོ་ ༢༠ ལོན་ན་རྒས་ཡོལ་སྔ་སྣུར་ཞུ་ཆོག་པ་མ་ཟད། རྒས་ཕོགས་ཀྱི་ཐོབ་ཐང་ཡོད། རེ་བ་ཆེ་སར་ཞབས་ལོ་ ༣༠ ཞབས་ཕྱི་ཞུ་རྒྱུ་དང་། དེ་ལས་རེ་བ་ཆེ་བ་ལ་རང་ཉིད་ལོ་ ༦༠ མ་ལོན་བར་སྲི་ཞུ་བསྒྲུབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ང་ཚོས་དམིགས་ཚད་འདི་ལྟར་འཛིན་བཞིན་ཡོད།
དུས་ཚོད་གཉན་འཕྲད་ཅན་འདི་ལྟ་བུའི་སྐབས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཞབས་ཕྱི་ཞུས་པ་ནི་ཞབས་འདེགས་ཁ་ཡོད་ལག་ཡོད་བསྒྲུབས་པ་ཞིག་ཆགས་ཡོད། གང་ལྟར་སྒྲིག་འཛུགས་ནང་ཡོད་པའི་རིང་ཕྱག་ལས་ཧུར་ཐག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རང་ཉིད་དགོངས་པ་ཞུས་ནས་འགྲོ་སྐབས་ཀྱང་སོ་སོའི་ལས་ཡུན་རིང་ཧུར་ཐག་བྱས་པ་ཡིན་བསམས་པ་ཞིག་ཡོད་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གལ་ཏེ་སོ་སོའི་སྲི་ཞུ་སྒྲུབ་རིང་ཉིན་མ་གང་འཁྱོལ་བྱས་ནས་ཕྱིན་ཚེ་ཆོས་ཕྱོགས་ནས་བཤད་ན་ལས་རྒྱུ་འབྲས་འགྲོ་གི་མ་རེད། གནད་དོན་དེ་ཚོ་དགོངས་པར་འཇོག་དགོས་རྒྱུ་གལ་ཆེན་པོ་རེད། དེང་སྐབས་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་དེ་སྔ་དང་བསྡུར་བ་ཡིན་ན་མཐུན་རྐྱེན་བཟང་བ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དབུ་འབྱེད་མཛད་སྒོར་དབུས་སྣེ་ལེན་འབྲེལ་མཐུད་ལས་ཁུངས་ཀྱི་ངེས་སྟོན་པ་དཔལ་ལྡན་དོན་གྲུབ་ལགས་ཀྱང་ཕེབས་ཡོད་པ་བཅས།།