ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༥ འཚོགས་ལ་ཉེ་བའི་སྐབས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བཙན་དབང་འཛིན་བཟུང་དང། རིག་གཞུང་ཐོབ་ཐང་། བསམ་ཚུལ་དང་གཏམ་བརྗོད་རང་དབང་གོང་སྤེལ་དང་སྲུང་སྐྱོབ། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ། དེ་བཞིན་ཡ་ང་སྙིང་རྗེ་མེད་པའི་མི་སྤྱོད་ལས་འདས་པའི་དྲག་སྤྱོད་སོགས་ཀྱི་གནད་དོན་ཐོག་རྟོག་ཞིབ་གནང་མཁན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་ཆེད་ལས་མི་སྣ་སོགས་ཀྱིས་རྒྱ་ནག་གཞུང་ལ་བོད་མིའི་རང་དབང་དང་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གི་སྤུན་མཆེད་ཉི་མ་ལྷ་མོ་ལགས་དང་སྒྲོལ་དཀར་ལྷ་མོ་ལགས་བཅས་ཀྱི་གནད་དོན་ཐོག་འདྲི་རྩད་ནན་པོ་གནང་འདུག
བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་དང་འཛིན་བཟུང་། རིག་གཞུང་ཐོབ་ཐང་། བསམ་ཚུལ་དང་གཏམ་བརྗོད་རང་དབང་གོང་སྤེལ་དང་སྲུང་སྐྱོབ། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ། དེ་བཞིན་ཡ་ང་སྙིང་རྗེ་མེད་པའི་མི་སྤྱོད་ལས་འདས་པའི་དྲག་སྤྱོད་སོགས་ཀྱི་གནད་དོན་ཐོག་རྟོག་ཞིབ་གནང་མཁན་ཆེད་ལས་མི་སྣས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༠ ཉིན་འདྲི་རྩད་གནང་འདུག
དེ་ཡང་སྙན་ཐོའི་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་འོག་ཕྱིར་འབྲེལ་བ་རྩ་བ་ནས་བྱེད་མ་བཅུག་པའི་ཁར་ཁོང་ལ་ཁྲིམས་རྩོད་པ་གླ་རྒྱུ་དང་། ཁོང་གིས་ནག་ཉེས་གང་བསགས་པའི་དཔང་རྟགས་ར་སྤྲོད་སྐོར་ཁོང་ལ་གསལ་བཤད་རྩ་བ་ནས་མ་བྱས་པ་མ་ཟད། ཁོང་གི་ཉེས་ཁྲིམས་ལ་རྟོག་ཞིབ་བྱེད་སྐབས་ཆ་སྙོམས་མེད་པའི་གནས་སྟངས། ཁོང་གིས་གཏམ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་ནས་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་པ་དེར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་བྱས་ནས་ཉེས་ཁྲིམས་ཕོག་འོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བརྩི་ནས་དམ་བསྒྲགས་བྱེད་བཞིན་ཡོད།
རྒྱལ་སྤྱིའི་ཐོབ་ཐང་རྟོག་ཞིབ་ཐོག་གི་མཁས་པ་རྣམས་ནས་རྒྱ་ནག་གཞུང་ལ་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཇི་འདྲ་ཞིག་གི་འོག་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པ་དང་། ད་ལྟ་ཁོང་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་གནས་བཞིན་ཡོད་སྟབས། ཁོང་གི་ལུས་པོ་དང་སེམས་ཁམས་བདེ་འཕེར་ཡིན་མིན་ར་སྤྲོད་གསལ་པོ་དགོས་པ། དེ་བཞིན་རྒྱལ་སྤྱིའི་གནས་ཚད་དང་མཐུན་པའི་ཐོག་ནས་ཁོང་ལ་ཁྲིམས་བཤེར་བྱེད་བཞིན་ཡོད་མེད་སོགས་གནད་དོན་བདུན་ཐོག་འདྲི་རྩད་ཤུགས་ཆེ་གནང་འདུག
སྒྲོོལ་དཀར་ལྷ་མོ་དང་ཉི་མ་ལྷ་མོའི་གནད་དོན་སྐོར།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསམ་ཚུལ་དང་གཏམ་བརྗོད་རང་དབང་གོང་སྤེལ་དང་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ཆོས་དད་རང་དབང་སོགས་ཀྱི་གནད་དོན་ཐོག་རྟོག་ཞིབ་གནང་མཁན་རྒྱལ་སྤྱིའི་དམིགས་བསལ་ཚོགས་ཆུང་ཁག་གིས་ཐུན་མོང་ཐོག་སྔ་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གཞུང་ལ་འདྲི་རྩད་གནང་བ་དེ་ཉིད་ད་བར་ཕྱིར་འགྱངས་གནང་མེད་པ་དེའི་ནང་། མཁས་པ་རྣམས་ཀྱིས་རྒྱ་ནག་གཞུང་ནས་ཉི་མ་ལྷ་མོ་ལགས་དང་སྒྲོལ་དཀར་ལྷ་མོ་ལགས་རྣམ་གཉིས་འཛིན་བཟུང་བཀག་ཉར་བྱས་པར་སེམས་ཚབ་དང་སྦྲགས་ཁོང་གཉིས་འཛིན་བཟུང་བཀག་ཉར་བྱས་དགོས་དོན་ནི། ཁོང་གཉིས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གཤེགས་ཚུལ་སྐོར་ལ་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དང་ཞུ་གཏུག་བྱས་པ་དང་ཐད་ཀར་འབྲེལ་ཡོད། ང་ཚོས་ཁོང་གཉིས་དང་དེ་བཞིན་ལི་ཐང་ནང་ཞི་རྒོལ་གནང་མཁན་ཚོ་ལའང་སེམས་འཚབ་ཡོད། གཞན་ཡང་ལི་ཐང་དང་ནག་ཆུ་ཁ་ཁུལ་དུ་དྲ་རྒྱ་བཀག་འགོག་དང་། སྐད་འཕྲིན་བེད་སྤྱོད་བརྒྱུད་གནས་ཚུལ་བཏང་མི་ཆོག་པ། འདུ་འཛོམས་དང་དེ་བཞིན་ཆོས་དད་རང་དབང་ཐོག་ལའང་འགོག་རྐྱེན་བཟོས་པ་དེ་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་ཡོད། ཅེས་འཁོད་ཡོད།
མཁས་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་སྒྲོལ་དཀར་ལྷ་མོ་ལགས་དང་ཉི་མ་ལྷ་མོ་ལགས་གཉིས་འཛིན་བཟུང་དང་བཀག་སྐྱིལ་བྱས་པ་དེ་ཁྲིམས་མཐུན་ཇི་ལྟར་ཡིན་པ་དང་། བོད་མི་ཞི་རྒོལ་བ་རྣམས་ཀྱི་ཐོག་དྲག་སྤྱོད་བྱས་པ་དེ་དག་རྒྱལ་སྤྱིའི་ཁྲིམས་དང་ཇི་ལྟར་མཐུན་མིན་སོགས་གནད་དོན་བརྒྱད་ཐོག་རྒྱ་ནག་གཞུང་ནས་ལན་འདེབས་གསལ་བཤད་དགོས་སྐོར་སོགས་འཁོད་ཡོད་འདུག །