༢༠༡༧ ཟླ་ ༥ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༣ ཉིན་རུ་སོག་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཡུལ་དེའི་གྲོང་ཁྱེར་ཆེ་ཤོས་གཉིས་པར་གྲགས་པ་སན་པི་ཊར་སི་བྷག་ St Petersburg གི་གསོལ་མགྲོན་ཁང་ St Petersburg Hotel དུ་དུས་རབས་ ༢༡ བོད་དང་ནང་ཆོས། ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་འདུག
དེ་ཡང་ཉིན་གསུམ་རིང་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ས་གནས་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ཐོག་མར་མེ་འཁོར་འབབ་ཚུགས་ནས་སྐུ་ཚབ་དོན་གཅོད་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་མ་ཟད། གཏམ་བཤད་ལས་རིམ་གོ་སྒྲིག་ཞུ་མཁན་ས་གནས་ནང་པའི་ཆོས་ཚོགས་ཡིན་འདུག
སྤྱིར་སན་པི་ཊར་སི་བྷག་ཅེས་པའི་གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་གནའ་བོའི་རིག་གནས་དངུས་ཤུལ་ཁག་གཅིག་ལ་རྒྱལ་སྤྱིའི་གནའ་བོའི་རིག་གནས་ཤུལ་བཞག་ལ་ངོས་འཛིན་གནང་བཞིན་པ་དང་། གྲོང་ཁྱེར་དེར་རུ་སུའི་རིག་གཞུང་གི་གྲོང་ཁྱེར་ཞེས་འབོད་སྲོལ་ཡོད་འདུག་པ་མ་ཟད། ཆོས་ཕྱོགས་དང་འབྲེལ་བའི་འགྲེམས་སྟོན་ཁང་ Hermitage Museum ཞེས་པ་དེའི་ནང་དུ་བོད་དང་སོག་པོ། དེ་བཞིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་ཡུལ་གྲུ་ཁག་གི་ནང་རྟེན་ཁག་གཅིག་སྒྲིག་གཤོམ་གནང་ཡོད་པའི་ཁྲོད་ནས་དངོས་རྫས་ཁག་གཅིག་དུས་རབས་ ༨ དང་ཁག་གཅིག་དེ་ལས་སྔ་བ་ཡིན་འདུག རིན་པོ་ཆེ་མཆོག་ཕྱི་ཚེས་ ༡༤ ཉིན་དེར་ཕེབས་འདུག འགྲེམས་སྟོན་དངོས་རྫས་ཁྲོད་ཁག་གཅིག་རུ་སུའི་རྒྱལ་པོ་ཙར་ Russian Tsar མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་ལ་འབུལ་ལམ་ཞུས་པའི་ཕྱག་རྟགས་ཡིན་འདུག
སྐབས་དེར་རིན་པོ་ཆེ་མཆོག་གིས་དུས་རབས་ ༢༡ ནང་ནང་ཆོས་དེ་འབྲེལ་བ་ཇི་ཙམ་ཆེན་པོ་ཡོད་སྐོར་ཙམ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་གཏམ་བཤད་སྤེལ་དོན། བོད་ནང་དུ་གསར་འགོད་པའམ་ཡུལ་སྐོར་སྤྲོ་འཆམ་པ། ཡང་ན་གནས་མཇལ་དུ་འགྲོ་འདོད་པ་སུ་འདྲ་ཞིག་ཡིན་ཡང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་རྐྱེན་འགྲོ་ཐུབ་ཐབས་མེད། བོད་མི་ ༡༤༧ གྱིས་རང་ལུས་མེར་སྲེག་བཏང་ནས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་འདོན་བཞིན་ཡོད། གཞིས་ལུས་བོད་མི་རྣམས་ལ་རང་གི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུའི་གཞི་རྩའི་རང་དབང་དང་ཐོབ་ཐང་རྩ་བ་ནས་མེད། དེར་བརྟེན་ང་ཚོས་བོད་མི་དེ་དག་གི་མགྲིན་ཚབ་པ་གནང་ཐུབ་དགོས། ཞེས་གསུངས། གཏམ་བཤད་སྐབས་མི་གྲངས་ ༡༣༠ ཙམ་ཕེབས་འདུག
ཕྱི་ཚེས་ ༡༥ ཉིན་གྲོང་ཁྱེར་གྱི་མང་ཚོགས་དཔེ་མཛོད་ཁང་དུ་ The Central Public Library སྐུ་ཚབ་དོན་གཅོད་ཕེབས་སྐབས་དཔེ་མཛོད་ཀྱི་འགན་འཛིན་སྐུ་ཞབས་ཅ་པོ་ཝ་ Z.V.Chapova མཆོག་དང་ལས་བྱེད་བཅས་མཇལ་འཕྲད་གནང་འདུག སྐབས་དེར་ཁོང་རྣམ་པས་དཔེ་མཛོད་ཁང་དེར་དབུས་ཤར་རིག་གནས་དང་འབྲེལ་བའི་ཚན་པ་གསར་འཛུགས་གནང་འཆར་སྐོར་གོ་བསྡུར་གནང་སྐབས་འགན་འཛིན་མཆོག་གིས་ད་ལྟའི་འཆར་མང་ཚོགས་འགྲེམས་སྟོན་ཁང་དུ་བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་སྐོར་ལ་དངོས་རྫས་ཧ་ཅང་དཀོན་པོ་ཡོད་སྟབས། བོད་ཀྱི་ཆོས་དང་རིག་གཞུང་སོགས་དང་འབྲེལ་བའི་དངོས་རྫས་སོགས་གང་མང་བསྡུ་རུབ་ཐུབ་སླད་སྐུ་ཚབ་དོན་ཁང་ལ་མཐུན་འགྱུར་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་པར། ཏེ་ལོ་རིན་པོ་ཆེ་མཆོག་གིས་རུ་སུའི་སྐད་ཡིག་ནང་ཡོད་པའི་ནང་ཆོས་ཀྱི་ཕྱག་དེབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་གཅིག་ཕུལ་བ་དང་སྦྲགས། འབྱུང་འགྱུར་གང་ཐུབ་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཁས་ལེན་ཡང་གནང་འདུག །