༢༠༡༧ ཟླ་ ༥ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་ནས་བཙན་བྱོལ་བོད་ཀྱི་བུད་མེད་ཀྱི་གནས་སྟངས་རྒྱུས་ལོན་ཆེད་དམིགས་བསལ་དཔྱད་ཞིབ་ལས་གཞིའི་འོག་ཟླ་བ་གཅིག་གི་རིང་བོད་མིའི་གཞིས་ཆགས་ཁག་ཏུ་ལོ་རྒྱུས་བསྡུ་རུབ་བྱེད་རྒྱུ་ཡིན་པས་ཟླ་བ་གཅིག་གི་རིང་འཕྲལ་སེལ་ལས་བྱེད་གྲངས་བརྒྱད་དགོས་མཁོ་འདུག་ན། རང་རེའི་སྤྱི་ཚོགས་ཁྲོད་ལས་དོན་འདིའི་ཆེད་དོ་དབྱིངས་དང་ཞུགས་འདོད་ཡོད་རིགས་ནས་འཚང་སྙན་འབུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ།
དགོས་ངེས་ཆ་རྐྱེན།
༡ ། ཤེས་ཚད། འཛིན་སྐྱོང་དང་སྤྱི་ཚོགས་ཡར་རྒྱས། དཔལ་འབྱོར། སྤྱི་ཚོགས་རིག་གནས། རྒྱལ་སྤྱིའི་ཡར་རྒྱས་སློབ་ཚན་གང་རུང་ཐོག་ཉུང་ཐར་ཚད་ལྡན་མཐོ་སློབ་ནས་ཉེ་བའི་གཙུག་ལག་རམ་འབྱམས་པ་ ༼B.A, B.COM, B.Sc Graduate or higher༽ ཐོན་པ་དང་། གཞན་ཡང་ཚད་མཉམ་མཐོ་སློབ་ཐོན་པའི་ལག་འཁྱེར་ཡོད་པ།
༢ ། ཤེས་ཚད་ལག་འཁྱེར་ (Degree certificates) གྱི་ངོ་བཤུས།
༣ ། དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་བུ་དང་པོ་དང་གཉིས་པ། སྒྲིག་མཐུན་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༡༧ བར་གཙང་ཕུལ་ཟིན་པའི་དཔྱ་དེབ་ཀྱི་ཤོག་གྲངས་མཐའ་མའི་ངོ་བཤུས།
༤ ། རྒྱ་གར་ནང་གནས་སྡོད་ལག་འཁྱེར་ RC གྱི་ཤོག་གྲངས་དང་པོ་དང་ཁྲིམས་མཐུན་དུས་འགྱངས་ཞུས་པའི་ཤོག་བུ་མཐའ་མའི་ངོ་བཤུས།
༥ ། སྨན་པ་ཚད་ལྡན་ནས་གཟུགས་བབ་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
གོང་གསལ་ཆ་རྐྱེན་ཚང་རིགས་ནས་རང་ཉིད་ཀྱི་འཚང་སྙན་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་ལས་དམ་འཁོད་པ་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༥ འགྱངས་མེད་གཤམ་མཁོད་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། དོ་བདག་སོ་སོར་འབྲེལ་བ་གནང་བདེའི་སླད་ཁ་བྱང་། གློག་འཕྲིན། ༼email༽ཁ་པར་ཨང་བཅས་འཚང་སྙན་ནང་ཁ་གསལ་བཀོད་དགོས།
ཕོགས་དང་གཞན་ཐོབ་ཐང།
བོད་མིའི་སྒྲིག་འཛུགས་ཀྱི་ལས་དྲུང་གནས་རིམ་ཚད་མཉམ་ཐོབ་རྒྱུ་དང་། ཕྱོགས་བསྐྱོད་སྐབས་མགྲོན་ཁང་གླ་ཉིན་རེར་སྒོར་ ༥༠༠།༠༠ ཞུ་སྤྲོད་ཆོག་རྒྱུ།
ཆ་རྐྱེན་ཚང་བའི་ཞུ་སྙན་འབུལ་མཁན་རྣམས་ལ་འདེམས་རྒྱུགས་ཚོགས་ཆུང་ནས་སྐབས་མཚམས་སུ་འབོད་བརྡ་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣ ལ།།
འབྲེལ་གཏུག་ཁ་བྱང་།
Secretary, Department of Finance ,CTA Ganchen Kyishong,Dharamshala-176215 Distt Kangra (H.P) India Ph. no: +91 1892-222487,Email: [email protected] / [email protected]