ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ ༥ ཚེས་ ༡༥ ཉིན་རྒྱ་གར་རྒྱལ་ཡོངས་ཇ་ན་ཏ་དྷལ་གཅིག་སྒྲིལ་ Janata Dal united ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨ་ཕཱག་ཨེ་མཏ་ཁན་ Afaque Ahmad Khan མཆོག་དང་། ཁོང་གི་ནང་མི་ལྷན་རྒྱས་སྔ་དྲོ་ཆུ་ཚོད་ ༡༢ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་བ་དང་། དེ་ནས་ཁོང་ལ་འཚམས་འདྲིའི་ཕྱག་རྟགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔེ་དེབ་ཁག་ཅིག་འབུལ་གནང་།
དེ་རྗེས་སྤྱི་ཁྱབ་དྲུང་ཆེ་མཆོག་དང་ཁོང་གི་ནང་མི་ལྷན་རྒྱས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ར་བར་གཟིགས་སྐོར་དུ་ཕེབས་ཡོད།
སྐུ་ཞབས་ཨ་ཕཱག་ཨེ་མཏ་ཁན་ལགས་ཀྱིས་ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་དུ་རྒྱ་ནག་གི་སྲིད་བློན་ལི་ཕིང་ Li peng ཡོང་སྐབས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ངོ་རྒོལ་གནང་སྟབས། རྒྱ་གར་བཙོན་ཁང་ Tihar Jail ནང་འཛིན་བཟུང་བྱས་མྱོང་བ་མ་ཟད། བོད་མིའི་འཐབ་རྩོད་ལ་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་རྗེ་ཕར་ནན་ཌ་སེ George Fernandes མཆོག་གི་རྗེས་འབྲངས་ཤིག་ཡིན་པ་དང་། བོད་མིར་ཐུགས་ཧ་ཅང་འདྲིས་ཤིང་དུས་རྟག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་བཅས། །