༢༠༡༧ ཟླ་ ༥ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ཉིན་གྱི་སྔ་དྲོ་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨི་ལེ་ཡ་ན་ལེ་ཊི་ནེན་ Ileana Ros-Lehtinen མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་བར་བརྟེན། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ཀྱི་གནད་དོན་གླེང་བར་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྷག་པར་སྐུ་ཉིད་མཆོག་གིས་སྐུ་སྒེར་ནས་སེམས་ཚོར་ཧ་ཅང་ཆེན་པོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་གདན་འདྲེན་ཞུ་རྒྱུའི་གནད་དོན་སྐོར་གླེང་གནང་བ་དེས་ཕྲན་ལ་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་། འདི་ནི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚང་མའི་ལྡོག་ཏུ་མེད་པའི་མངོན་འདོད་ཙམ་མ་ཟད། གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་༸གོང་ས་མཆོག་བོད་དུ་ཆིབས་སྒྱུར་བསྐྱང་ཐུབ་པ་དང་ཁོང་གི་༸ཞལ་མཇལ་གསུང་ཐོས་ཆེད་ཡུན་རིང་ནས་སྐོམ་པ་ཆུ་འདོད་ལྟར་ངང་སྒུག་ཞུ་བཞིན་ཡོད།
ཕྱོགས་མཚུངས་སྐུ་ཉིད་མཆོག་གིས་གྲོས་ཚོགས་སུ་གནད་དོན་གལ་ཆེ་བ་གཞན་ཞིག་གླེང་སློང་གནང་ཡོད་པ་ནི་བོད་ནང་གི་ཁོར་ཡུག་གི་གནས་སྟངས་སྐོར་རེད། འདི་ནི་ཧ་ཅང་གནད་འགག་ཆེན་པོ་ཡིན། ལྷག་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་གི་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་པ་དང་། དཔལ་འབྱོར་ཐོག་ནས་བོད་ནང་བཤུ་གཞོག་ཚབས་ཆེ་གཏོང་བཞིན་ཡོད། དེར་བརྟེན་ངས་སྐུ་ཉིད་མཆོག་གིས་བོད་ནང་གི་ཁོར་ཡུག་གནད་དོན་གསལ་འདོན་གནང་བ་དེར་དོན་དམ་གྱི་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོ་ཐུན་མོང་གི་འཆར་སྣང་དང་དགོས་འདུན་དེ་དག་བསྒྲུབ་སླད་ངས་སྐུ་ཉིད་མཆོག་གིས་ཉམ་ཆུང་མགོན་མེད་རྣམས་ཀྱི་མགྲིན་ཚབ་གནང་ནས་བོད་མི་རྣམས་ལ་སྙིང་སྟོབས་སྦྱིན་པ་བརྒྱུད་བོད་ཀྱི་བདེན་པའི་འཐབ་རྩོད་མུ་མཐུད་མདུན་སྐྱོད་གནང་རྒྱུ་ཡིན་པ་ངས་ཡིད་ཆེས་ཞུ་བཞིན་ཡོད། དེར་བརྟེན་སྐུ་ཉིད་ཀྱི་ལས་དོན་དེ་དག་ལམ་ལྷོང་དོན་འཁྱོལ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།།
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།