༢༠༡༧ ཟླ་ ༥ ཚེས་ ༢ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་དྲུང་གཞོན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཨ་རིའི་ཝ་ཡོ་མིང་མཐོ་སློབ་ University of Wyoming ནང་དགེ་ལས་སློབ་ཕྲུག་རྣམས་ལ་བོད་ཀྱི་ལོ་རྒྱུས་སོགས་ངོ་སྤྲོད་གནང་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་བོད་དེ་གནའ་སྔ་མོ་ལོ་རྒྱུས་ཐོག་ནས་རྒྱ་ཁོངས་ཡིན་པའི་བསྒྲུབ་བྱེད་དུ་རྫུན་གཏམ་དང་འུད་ཤོབ་ནམ་མཁར་མི་ཤོང་བའི་འགྲེལ་བཤད་བྱེད་བཞིན་པའི་དུས་སྐབས་འདིར། ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་དྲུང་གཞོན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་ཟླ་ ༤ ཚེས་ ༢༨ ཉིན་གོང་བརྗོད་མཐོ་སློབ་ཀྱི་ཚོགས་ཁང་ཞིག་ཏུ་ལོ་རྒྱུས་ཀྱི་རྒྱབ་རྟེན་གཞི་རྩར་བཟུང་ནས་རྒྱ་བོད་གཉིས་ཀྱི་ས་མཚམས་དང་ལོ་རྒྱུས་ཐོག་ནས་འབྲེལ་བ་ཇི་ཡོད། དེ་བཞིན་དེ་སྔ་བོད་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་ལམ་སྐོར་སོགས་པར་རིས་ལམ་ནས་འགྲེལ་བརྗོད་ཞིབ་ཕྲ་གནང་འདུག
སྐབས་དེར་ཚོགས་ཁང་ནང་ཞབས་སྟེགས་ ༦༠ ཤོང་ཚད་ལས་མེད་ཀྱང་དགེ་ལས་སློབ་ཕྲུག་ ༦༦ གིས་དོ་སྣང་ཧ་ཅང་གནང་འདུག་པ་མ་ཟད། དེ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་ཡང་ཧ་ཅང་འཁྲུག་པོ་བྱུང་བར་བརྟེན་ཕྱི་ཉིན་ས་གནས་གསར་ཤོག་ལ་ར་མི་བྷུ་མི་རེང་ Laramie Boomerang ཞེས་པའི་ནང་གནས་ཚུལ་བཀོད་འདུག
གཏམ་བཤད་ཀྱི་ལས་རིམ་ཡོངས་སུ་གྲུབ་རྗེས་རྒྱལ་ཡོངས་ས་ཁམས་རིག་པའི་ National Geographic གསར་འགོད་པ་གྲགས་ཅན་སྐུ་ཞབས་མག་ཇེན་ཀིན་སི་ Mark Jenkins ལགས་དང་ལྷན་གོ་བསྡུར་ལྷུག་པོ་གནང་འདུག ཁོང་ནི་དེ་སྔ་བོད་དུ་ཐེངས་མང་བསྐྱོད་མྱོང་ཡོད་པ་ཞིག་ཡིན་ཞིང་མཐོ་སློབ་ཀྱི་དུས་དེབ་སོགས་ནང་རྩོམ་རིགས་སྤེལ་མཁན་ཞིག་ཀྱང་ཡིན་འདུག
ཐེངས་འདིར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་ལ་མཐོ་སློབ་ཏུ་མགྲོན་འབོད་གནང་མཁན་མཐོ་སློབ་ཁང་དེའི་སྒྱུ་རྩལ་འགྲེམས་སྟོན་ཚན་པ་ University of Wyoming Art Museum དང་། གོ་ལའི་ཤེས་ཡོན་བསྟི་གནས་ཁང་ Center for Global Area Studies གཉིས་ཡིན་འདུག ཐེངས་འདིར་འགན་འཛིན་ཁོང་གིས་བོད་ཀྱི་ལོ་རྒྱུས་སྐོར་གཏམ་བཤད་སྤེལ་བ་ཙམ་མ་ཟད། ཕྱི་དྲིལ་འགྲེམས་སྟོན་གསར་རྒྱག་ལས་གཞི་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་ལ་གོ་བསྡུར་སྦྱངས་བཤད་དང་བློ་སྐྱེད་བླང་ཆེད་དམིགས་པ་ཞིག་ཡིན་འདུག གོ་བསྡུར་གནང་ཡུལ་མཐོ་སློབ་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཚན་པའི་ལས་བྱེད་ལྕམ་སྐུ་ནི་ཀོལ་ཁ་ར་ཕོཌ་ Nicole Crawford ལགས་དང་། ལོ་རྒྱུས་སྨྲ་བ་ཉེ་བའི་གཙུག་ལག་སློབ་དཔོན་ལྕམ་སྐུ་ཨི་ས་དོ་ར་ཧེལྤ་གོ་ཊི་ Isadora Helfgott ལགས་ཡིན་འདུག
འགན་འཛིན་ཁོང་ཁུལ་དེར་བཞུགས་རིང་ས་གནས་ཡུལ་མི་དང་མཐོ་སློབ་སོགས་ཀྱི་དགེ་ལས་སློབ་ཕྲུག ལྷག་པར་ཝ་ཡོ་མིང་མཐོ་སློབ་འགྲེམས་སྟོན་གྱི་འགན་འཛིན་མཆོག་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ས་གནས་སྒྱུ་རྩལ་བ་སོགས་དང་ཐུག་འཕྲད་གནང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་དང་། ལྷག་པར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ལས་དོན་ཇི་སྤེལ་སྐོར་སོགས་ཞིབ་ཕྲ་གསལ་བཤད་གོ་བསྡུར་སོགས་གནང་བར་བརྟེན་ཁུལ་དེའི་མི་མང་རྒན་གཞོན་དར་གསུམ་ཁྲོད་བོད་མིའི་སྒྲིག་འཛུགས་སྐོར་གོ་རྟོགས་གང་ལེགས་བྱུང་ཐུབ་ཡོད། ཕྱོགས་མཚུངས་མཐོ་སློབ་དེ་གའི་ནང་འགྲེམས་སྟོན་ཚན་པ་ཞིག་ཡོད་པ་དེའི་ལས་དོན་སྤེལ་ཕྱོགས་དང་པར་རིས་སྒྲིག་གཤོམ། དེ་བཞིན་པར་རིས་ཉར་གསོག་དང་མཁོ་སྒྲུབ་བྱེད་སྟངས་ཀྱི་ཐབས་ལམ་འདྲ་མིན། དེ་བཞིན་དངོས་སུ་མང་ཚོགས་ཁྲོད་འགྲེམས་སྟོན་གནང་སྟངས་སོགས་ནས་བློ་སྐྱེད་གང་མང་བླངས་ཐུབ་པ་བྱུང་འདུག
མཐར་འགན་འཛིན་དྲུང་གཞོན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མགྲོན་འབོད་གནང་མཁན་གོ་ལའི་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་མཆོག་དང་ཐུག་འཕྲད་གནང་བ་མ་ཟད། མཐོ་སློབ་ཀྱི་སློབ་ཕྲུག་ཁག་གཉིས་དང་ཐུག་འཕྲད་ཀྱིས་སྒེར་གྱི་ལོ་རྒྱུས་དང་རྒྱབ་ལྗོངས་ཀྱི་གནས་སྟངས་སྐོར་གསལ་བཤད་གནང་བ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་ཕྱི་ལོ་ ༢༠༠༩ ནས་བོད་མིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་བྱེད་བཞིན་པའི་སྐོར་སོགས་འགྲེལ་བཤད་མཐིལ་ཕྱིན་པ་གནང་འདུག སློབ་ཕྲུག་ཚོ་ཁག་གཞན་དེ་མཐོ་སློབ་ཀྱི་འགྲེམས་སྟོན་ཚན་པའི་སློབ་ཕྲུག་ཡིན་འདུག་པ་བཅས།།