༢༠༡༧ ཟླ་ ༥ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཌོ་ལན་ཇི་བོན་གཞིས་སུ་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དགོན་པའི་སྐུ་ཚབ་སོགས་ནས་དགའ་བསུའི་འཚམས་འདྲི་ཞུས་ཡོད།
དེ་རྗེས་དེ་གའི་ས་གནས་འགོ་འཛིན་ནས་མཛད་རིམ་གོ་སྒྲིག་ཞུས་པ་བཞིན། ཕྱི་ཚེས་ ༥ ཉིན་ཐོག་མར་སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་འཚམས་ཞུའི་མཇལ་ཕྱག་ཕུལ་བ་དང་། དེ་ནས་དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་དང་། དཔེ་མཛོད་ཁང་། སྐུ་གདུང་ཁང་བཅས་སུ་གནས་གཟིགས་གནང་།
ཉིན་རྒྱབ་བཀའ་བློན་མཆོག་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རི་གླིང་གི་འཛིན་ཁང་དང་། ལས་ཁུངས། བརྟག་དཔྱད་ཁང་བཅས་སུ་གཟིགས་སྐོར་གནང་བ་དང་དེ་རྗེས་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་མི་མང་རྣམས་ལ་གཞིས་ཆགས་སྲ་བརྟན་དང་། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་ཀྱི་བྱུང་རིམ། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་མི་ཉམས་གོང་འཕེལ་དགོས་པ་སོགས་ཀྱི་གསུང་བཤད་གནང་།
ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་གཏན་སློབ་དུ་འཚམས་གཟིགས་གནང་སྐབས་སློབ་གྲྭའི་སློབ་སྤྱི་མཆོག་གིས་བཀའ་བློན་མཆོག་ལ་འཚམས་འདྲི་དང་སྦྲགས་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས། སྐབས་དེར་ཐོག་མར་སློབ་སྤྱིས་སློབ་གྲྭའི་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་པ་དང་། དེ་རྗེས་སློབ་ཕྲུག་རྣམས་ནས་གཞས་སྣ་གཟིགས་འབུལ་ཞུས་ཡོད། བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་དང་།
ལྷག་པར་དེང་དུས་ཀྱི་ཤེས་ཡོན་དང་ལྷན་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སོགས་ལ་དོ་སྣང་ཤུགས་ཆེ་གནང་ཐོག་བོད་མིའི་ཐུན་མིན་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་དེ་དག་རྒྱུན་འཛིན་བྱ་གལ་ཆེ་བའི་སྐོར་ལམ་སྟོན་གནང་། མཛད་སྒོ་གྲུབ་རྗེས་བཀའ་བློན་མཆོག་གིས་སློབ་གྲྭའི་འཛིན་ཁང་སོགས་ལ་གཟིགས་སྐོར་གནང་།
ཉིན་རྒྱབ་རཏྣ་སྨན་གླིང་བཙུན་དགོན་དུ་གནས་གཟིགས་གནང་རྗེས་ས་འཐུས་ཚོགས་ཁང་ནང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དགོན་པའི་སྐུ་ཚབ། ས་གནས་གཞོན་ནུའི་སྐུ་ཚབ། འཕྲོད་བསྟེན་སྨན་ཁང་གི་སྐུ་ཚབ་སོགས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས།
ཕྱི་ཚེས་ ༧ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།།