༢༠༡༧ ཟླ་ ༥ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཨེ་མེ་ནུ་ཨལ་མེཀ་རོན་ Emmanuel Macron མཆོག་ལ་ཕ་རན་སིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་ཡོད།
དེ་ཡང་འཚམས་འདྲི་དེའི་ནང་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་དབུ་ཁྲིད་རྣམ་གཉིས་ཕ་རན་སིར་མཇལ་འཕྲད་མཛད་མྱོང་ཡོད་པ་དེ་ཐུགས་དྲན་གསོ་དང་སྦྲགས་འཚམས་འདྲི་མཛད་དོན། སྔ་ལོའི་ཕྱི་ཟླ་ ༩ ནང་རྒྱལ་ས་པེ་རི་སིར་སྐུ་ཉིད་མཆོག་དང་མཇལ་འཕྲད་ཞུ་རྒྱུ་བྱུང་བ་དེས་ངོས་ལ་ཆེ་མཐོང་ཐོབ་པ་ཞིག་བྱུང་། སྐབས་དེར་སྐུ་ཉིད་མཆོག་གིས་དགོངས་ཚུལ་གསུངས་པ་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད། དེ་རྗེས་ངོས་རང་སྐུ་ཉིད་མཆོག་གི་རྒྱལ་ཁབ་ཏུ་ནམ་བསྐྱོད་སྐབས་འཚོ་བའི་ལས་རིགས་འདྲ་མིན་གཉེར་བཞིན་པའི་ཡུལ་མི་ཚོས་མཛད་བརྩེའི་རྣམ་པ་ཤུགས་ཆེ་ལྡན་པའི་ཐོག་ནས་དགའ་བསུ་གནང་བ་དེ་དག་སེམས་འགུལ་འཐེབ་པ་ཞིག་བྱུང་།
སྐུ་ཉིད་མཆོག་གིས་མཁྱེན་ཆུབ་ལྟར་ངོས་ནི་ཡུ་རོབ་སྤྱི་མཐུན་ཚོགས་པར་ European Union རྒྱབ་སྐྱོར་ཤུགས་ཆེ་ཞུ་མཁན་ཞིག་ཡིན། སྒྲིག་འཛུགས་དེས་རྒྱལ་ཁབ་སྒེར་དང་ས་ཁུལ་སོ་སོའི་འཕྲལ་གྱི་ཁེ་ཕན་བློས་བཏང་ནས་སྤྱི་པའི་སྒྲིག་འཛུགས་ཤིག་བཙུགས་ཏེ་ལས་དོན་སྤེལ་བཞིན་ཡོད། དེར་བརྟེན་སྒྲིག་འཛུགས་དེ་གོང་ནས་གོང་དུ་འཕེལ་བ་ཙམ་དུ་མ་ཟད། འབྱུང་འགྱུར་གླིང་ཆེན་གཞན་ཚོས་ཀྱང་དེ་ལྟ་བུའི་སྒྲིག་འཛུགས་ཤིག་བཟོ་ཆེད་མིག་དཔེ་བཟང་པོ་ཞིག་ཡོང་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ཕ་རན་སི་ཡུལ་འདི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཀྱི་རྐང་འཛིན་པའི་གྲས་ཤིག་ཡིན་སྟབས་འབྱུང་འགྱུར་སྒྲིག་འཛུགས་ལ་འཕྲད་རྒྱུའི་དཀའ་ངལ་རིགས་ལམ་ལྷོང་ལྡན་པའི་ངང་ནས་གདོང་ལེན་གནང་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་གཙང་མ་ཡོད། ཅེས་འཁོད།།