༢༠༡༧ ཟླ་ ༥ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིར་རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་མི་དང་རྩོམ་པ་པོ་སྐུ་ཞབས་ཨ་རུན་ཤོ་རིས་ Arun Shourie་བརྩམས་པའི་རྒྱ་གར་གྱི་སྐྱེས་ཆེན་དམ་པ་གཉིས་ Two Saints ཀྱི་རྣམ་ཐར་སྐོར་གྱི་དཔེ་དེབ་དབུ་འབྱེད་མཛད་ཡོད།
དེ་ཡང་ཕྱི་ཚེས་ ༢༥ ཉིན་རྒྱབ་ཏུ་མགོན་པོ་གང་ཉིད་མཆོག་རྒྱལ་སྤྱིའི་བསྟི་གནས་ཁང་ India International Centre གི་ཚོགས་ཁང་དུ་༸ཞབས་སོར་འཁོད་མཚམས་མཆེད་གྲོགས་རྙིང་པ་སྐུ་ཞབས་ཨ་རུན་ཤོ་རི་མཆོག་དང་། འབུམ་རམས་པ་ཀ་པི་ལ་ཝཏྶྱཡན་ Dr Kapila Vatsyayan མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་ཚོགས་ཁང་དུ་བཞུགས་གྲལ་དུ་འཁོད་མཚམས་དཔེ་དེབ་འགྲེམས་ཚོང་ཁང་གྲགས་ཅན་ཧར་པར་ཀོ་ལིན་སི་ HarperCollins India ཞེས་པའི་སྐུ་ཚབ་འཐུས་མིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ངོ་སྤྲོད་ཞུས། དཔེ་དེབ་དེ་ནི་རྒྱ་གར་གྱི་ཆོས་ལུགས་བླ་ཆེན་སྐྱེས་ཆེན་དམ་པ་གཉིས་ཏེ་ར་མ་ཀྲིཤྣ་པ་ར་མ་ཧན་ས་ Ramakrishna Paramahansa མཆོག་དང་། རཱམན་མཧཱརཤི་ Ramana Maharshi མཆོག་རྣམ་གཉིས་ཀྱི་རྣམ་ཐར་དང་སྦྲགས་ནས་ཆེད་རྩོམ་གནང་བ་ཞིག་ཡིན་འདུག
ངོ་སྤྲོད་གྲུབ་རྗེས་རྩོམ་པ་པོས་༸གོང་ས་མཆོག་ནི་འཛམ་གླིང་ནང་ཆེད་སྙན་པར་གྲགས་པའི་སྐྱེས་བུ་ཀུན་གྱིས་གཙུག་ཏུ་བཀུར་བ་ཞིག་ཡིན་ཞིང་། སྤྱིར་རྒྱ་གར་ནང་བོད་མི་བཙན་བྱོལ་བ་ཉུང་ཤས་ལས་མེད་ཀྱང་བོད་ཀྱི་གནད་དོན་ལ་འཛམ་གླིང་ཡོངས་ཀྱིས་སེམས་ཁུར་བྱེད་དགོས་པ་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཆེ་བའི་ཡོན་ཏན་ཉག་གཅིག་ལ་བརྟེན་ནས་བྱུང་ཐུབ་ཡོད་སྐོར་སོགས་གསུངས།
སྐབས་དེར་རྩོམ་པ་པོའི་ཕྲུ་གུ་བུ་ཞིག་འདུག་པ་མིང་ལ་ཨ་དིཏྱ་Aditya བརྗོད་པ་དེས་རང་གི་ཕ་རྩོམ་པ་པོའི་བཀའ་ལྟར་༸གོང་ས་མཆོག་ལ་དཔེ་དེབ་དབུ་འབྱེད་མཛད་རྒྱུའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་ཉིད་མཆོག་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་ཕྲུ་གུ་དེར་བྱམས་སྐྱོང་མཛད་ནས་ཕ་བུའི་མཛད་བརྩེའི་འབྲེལ་ལམ་ལ་དམིགས་བསལ་བསྔགས་བརྗོད་རྒྱ་ཆེ་མཛད་པ་དང་སྦྲགས་དཔེ་དེབ་དབུ་འབྱེད་མཛད།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འདས་པའི་མི་ལོ་ ༥༨ རིང་ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་བསྡད་པ་རེད། དུས་སྐབས་དེའི་རིང་ངོ་ཤེས་གྲོགས་པོ་རྙིང་པ་མང་པོ་ཞིག་དེ་རིང་འདིར་མཇལ་རྒྱུ་འདུག ཧ་ཅང་དགའ་པོ་བྱུང་། ངོས་རང་ལུས་པོ་བོད་མིའི་ཤ་ཁྲག་རུས་གསུམ་ལས་སྐྱེས་པ་མ་གཏོགས་བསམ་བློའི་ནང་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲ་ནས་བྱུང་བའི་ལེགས་བཤད་ཐོག་གོམས་འདྲིས་ཧ་ཅང་ཆེ་བ་དང་། ལུས་པོར་མཚོན་ནའང་རྒྱ་གར་གྱི་འབྲས་དང་སྲན་མར་བརྟེན་ནས་འཚོ་བཞིན་ཡོད་སྟབས་གཅིག་བྱས་ནས་དེང་རབས་ཅན་དུ་རློམ་བཞིན་པའི་རྒྱ་གར་བ་ཚོ་ལས་ངོས་རང་སྲོལ་རྒྱུན་གྱི་རྒྱ་གར་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ལྟ་བུ་ཡོད། ཅེས་ཞལ་ཤོབ་དང་སྦྲགས་མུ་མཐུད་བཀའ་སློབ་སྩལ་དོན།
ཕྱི་དངོས་པོའི་འཛུགས་སྐྲུན་དགོས་པ་ཧ་ཅང་གལ་ཆེ། འོན་ཀྱང་དེ་དང་ལྷན་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་གར་ལ་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་ཐོག་ནས་ནང་གི་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད། སྲོལ་རྒྱུན་ལེགས་བཤད་དེ་དག་གཙོ་བོ་བློའི་རྣམ་གཞག་དང་བྱེད་ལས། ཉོན་མོངས་པའི་བློར་གཉེན་པོ་བསྟེན་ནས་མགོ་གནོན་ཐུབ་པ་ཡོང་བཞིན་ཡོད། ང་ཚོས་འཛམ་གླིང་ཞི་བདེ་དགོས་སྐོར་བརྗོད་བཞིན་ཡོད། འཛམ་གླིང་ཞི་བདེ་ཡོང་བར་ཐོག་མར་མི་སྒེར་གྱི་བསམ་བློའི་ནང་ཞི་བདེ་བག་ཕེབས་དགོས།
རྒྱ་གར་ཁྱེད་རྣམ་པས་རང་གི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ལ་ཐོས་བསམ་སློབ་གཉེར་གནང་ནས་ངེས་པར་དུ་བདག་པོ་བརྒྱག་རོགས་གནང་ཞུ་རྒྱུ་ཡིན། ལེགས་བཤད་དེ་དག་རྩ་ཆེན་པོ་རེད། ཅེས་ཟེར་བའི་རྗེས་སུ་མ་འབྲང་བར་བསྲེག་བཅད་བརྡར་གསུམ་གྱིས་དཔྱད་པ་བྱེད་ནས་སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་མ་རུང་ལྟ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།།